ད་ལོ་གྲོང་གསེབ་དར་རྒྱས་ཐད་ལས་དོན་འདི་དག་སྤེལ་རྒྱུ་རེད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོ་རང་རྒྱལ་གྱིས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུ་རེད།

ད་ལོ། རང་རྒྱལ་གྱིས་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་མཐོ་རུ་གཏོང་རྒྱུ་དང་། ཤུགས་ཚད་དེ་བས་ཆེ་བའི་ཐོག་ནས་འབྲུ་སྣུམ་ལོ་ཏོག་གི་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་རྒྱུ། སྤུས་ཚད་མཐོ་པོའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ཞིང་ལས་ཀྱི་གནོད་འགོག་གེགས་སེལ་ནུས་པ་མཐོ་རུ་ཤུགས་ཆེན་གཏོང་རྒྱུ་བཅས་ཡིན་པ་རེད། རྒྱལ་ཁབ་ཀྱི་སྲན་ཆེན་དང་སྣུམ་རྒྱུའི་ཐོན་ནུས་མཐོར་གཏོང་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བྱ་ཐབས་མང་པོ་མཉམ་དུ་བཟུང་སྟེ་སྲན་ཆེན་དང་སྣུམ་རྒྱུའི་ཐོན་ནུས་མཐོར་གཏོང་དང་རང་ཁ་རང་གསོ་ཐུབ་ཚད་མཐོར་གཏོང་བྱ་རྒྱུ་རེད། གཞན་ད་དུང་། ཞིང་ལས་དེང་རབས་ཅན་གྱི་ནུས་པ་མཐོར་གཏོང་བྱ་སྤྱོད་སྤེལ་ཏེ་ཕྱོགས་ཡོངས་ནས་ཟས་རིགས་ཐོན་སྐྱེད་བར་ཁམས་རྒྱ་ཆེར་གཏོང་རྒྱུ་རེད།

ཞིང་ལས་གྲོང་གསེབ་པུའི་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་ཁྲེན་པང་ཤུན་གྱིས། ཞིང་ལས་གྲོང་གསེབ་པུའུ་ཡིས་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་བྱ་རྒྱུ་གང་དེའི་ལས་དོན་གྱི་གཙོ་གནད་དུ་བཟུང་ཐོག ནུས་ཤུགས་ཡོད་རྒུས་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གཙོ་བོའི་ཐོན་སྐྱེད་དང་མཁོ་སྤྲོད་ལ་འགན་སྲུང་བྱ་རྒྱུ་དང་། རེས་འཁོར་གསར་པའི་རྒྱ་མ་དུང་ཕྱུར་སྟོང་གི་འབྲུ་རིགས་ཐོན་ནུས་མཐོར་གཏོང་བྱ་སྤྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་ཀྱི་ཏང་སྲིད་འགན་འཁྲི་སྔར་བས་ནན་དུ་གཏོང་བ་བཅས་བྱས་ཏེ་གཞི་ཁྱོན་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག ཐོན་འབབ་མཐོར་གཏོང་བཅས་བྱ་རྒྱུ་རེད་ཅེས་བསྟན་ཡོད།

ད་ལོ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་དུས་མཚམས་སུ་བསྒྱུར་རྒྱུ་ཡིན་ཞིང་། རང་རྒྱལ་གྱིས་རྒྱུན་རྣམ་ཅན་གྱི་དབུལ་ལོག་ཐེབས་པ་དང་དབུལ་པོར་འགྱུར་རྒྱུར་སྔོན་འགོག་བྱེད་པའི་ལམ་སྲོལ་བཙུགས་ཏེ་བར་བརྒལ་དུས་མཚམས་ཡོལ་རྗེས་རོགས་སྐྱོར་སྲིད་ཇུས་བརྟན་པོ་ཡོང་བ་དང་། རིགས་དབྱེའི་ལམ་ནས་གནད་སྨིན་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱེད་པ། རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་གཏོང་བ། ལས་ཞུགས་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཞི་ཁྱོན་ཆེ་བའི་དབུལ་ལོག་དང་དབུལ་པོར་འགྱུར་རྒྱུའི་གནས་ཚུལ་མི་ཐོན་པ་བྱ་རྒྱུ་རེད།

དུས་མཚུངས་སུ། གྲོང་གསེབ་ཏུ་དེང་རབས་འཚོ་བའི་ཆ་རྐྱེན་འཛོམས་རྒྱུར་དམིགས་ཏེ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུ་རེད། སྒོ་ཀུན་ནས་རེས་འཁོར་གཉིས་པའི་ས་ཞིང་འགན་གཙང་སྤྲོད་པའི་ལམ་ལུགས་ཀྱི་དུས་ཡུན་འཐིམ་རྗེས་སླར་ཡང་ལོ་30ནར་འགྱངས་གཏོང་བའི་ཞིང་ཆེན་གྱི་ཚོད་ལྟའི་ལས་དོན་སྤེལ་ཏེ་ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གསོན་ཤུགས་སྔར་བས་འཕེལ་བ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།