སྨན་བཅོས་འགན་སྲུང་གི“དྲ་མཐིལ”བརྟན་པོ་བཟོས་ནས་དམངས་ཡོངས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་སྲུང་སྐྱོང་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཀྱི་རྨང་གཞི་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་ཁྱོན་ཡོངས་ནས་བསྐྲུན་དགོས་ཞེས་བསྟན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལ། རང་རྒྱལ་གྱིས་འཛམ་གླིང་ཡོངས་སུ་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་འགན་སྲུང་དྲ་བ་བཙུགས་པ་དང་སྨན་བཅོས་འགན་སྲུང་ལམ་ལུགས་ཉིན་བཞིན་འཐུས་ཚང་དུ་ཕྱིན་ཡོད་ལ། མང་ཚོགས་ཀྱི་སྨན་བཅོས་སྨན་བཀོལ་ཁུར་པོ་མུ་མཐུད་ཆེས་ཆེར་ཇེ་ཡང་དུ་ཕྱིན་ཡོད་ཅིང་། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད།

ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་ཐུའུ་ཅཱ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཡུལ་ཚོ་ཧྭ་ཞིས་གྲོང་ཚོ་རུ། ཡུལ་ཚོའི་འཕྲོད་བསྟེན་སྨན་ཁང་གི་སྨན་པས་གློ་ནད་ཀྱིས་མནར་བའི་ནད་པ་ཐན་ཏེང་ཀྲོའུ་ལ་དུས་བཅད་ལྟར་རྗེས་འདེད་བརྟག་དཔྱད་བྱེད་བཞིན་ཡོད། རྒན་པོ་ཐན་ལ་ནད་བྱུང་ནས་ལོ10ལྷག་འགོར་ཡོད་ཅིང་། ད་ལྟ་ཁོས་རང་གི་སྒོ་འགྲམ་ནས་ཚད་ལྡན་གྱི་སྨན་བཅོས་དང་སྨན་བཅོས་འགན་སྲུང་རྩིས་ཞུའི་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་ཀྱིན་ཡོད།

རྒན་པོ་ཐན་གྱིས་རང་གི་མི་ཚེ་གང་བོར་བརྗེད་མི་ཐུབ་པའི་དོན་ཞིག་ནི། 2019ལོའི་ཟླ4པར་ཁྲུང་ཆིང་དུ་རྟོག་ཞིབ་གནང་མཁན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་ཁོའི་ཁྱིམ་དུ་ཕེབས་ཏེ། ཁོ་དང་ཆུང་མའི་བདེ་ཐང་གི་གནས་ཚུལ་དང་སྨན་བཅོས་འགན་སྲུང་རྩིས་སྤྲོད་བསྡུར་ཚད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་བ་དེ་རེད།

ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་ཐུའུ་ཅཱ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཡུལ་ཚོ་ཧྭ་ཞིས་གྲོང་ཚོའི་གྲོང་མི་ཐན་ཏེང་ཀྲོའུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ངའི་ཁྱིམ་དུ་ཕེབས་ཏེ། འབྲུ་མཛོད་དང་འཁྱགས་སྒམ། ཐབ་ཀ་བཅས་ལ་གཟིགས་ནས། ཁོང་གིས་གྱོན་པ་དྲོ་མིན་དང་ཟས་ཀྱིས་རྒྱགས་མིན་སོགས་ཀྱི་སྐོར་ནས་བཀའ་འདྲི་གནང་བ་ལས་གཞན། ང་སྨན་ཁང་དུ་བསྡད་ན་སྨན་རིན་སྤྱིའི90%འགྲོ་སོང་རྩིས་ཞུ་རྒྱག་ཐུབ་པ་གོ་ཐོས་བྱུང་བ་ན། སྤྱི་ཁྱབ་ཧྲུའུ་ཅིས་གཏམ་དེ་ཐོས་རྗེས་ཁོང་དགའ་ཚོར་ཆེན་པོ་རྒྱས་བྱུང་། ལོ་འདི་དག་གི་རིང་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཏེ། གྲོང་ཚོའི་ནང་གི་སྨན་པས་ང་ལ་བདག་སྐྱོང་ཡག་པོ་བྱས་པའི་དབང་གིས། ངའི་ནད་བབ་ཇེ་ལྕིར་མ་སོང་བར་ཐོག་མཐའ་བར་གསུམ་དུ་ཚོད་འཛིན་ཡག་པོ་བྱེད་ཐུབ་ཡོད་ཟེར།

རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མ་མཐའི་འཚོ་བའི་འགན་སྲུང་དང་སྨན་བཅོས་འགན་སྲུང་། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་འབྲེལ་ཡོད་རོགས་སྐྱོར་དང་འགན་སྲུང་བྱེད་ཐབས་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་དབུལ་ཕོངས་མང་ཚོགས་དངོས་གནས་དབུལ་ཐར་དང་དབུལ་ཐར་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་མྱོང་། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཚོན་ནས་བཤད་ན་དུས་ནམ་ཡང་ཐུགས་ཁུར་ཟབ་བཞེས་གནང་ས་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་འགན་སྲུང་ལས་དོན་གྱི་གཅིག་གྱུར་འཆར་འགོད་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། ཀྲུང་དབྱང་གི་བཅོས་སྒྱུར་ཟབ་སྤེལ་ཚོགས་འདུར་འགོ་འཛིན་གནང་བ་ནས་སྨན་བཅོས་འགན་སྲུང་གི་བཅོས་སྒྱུར་བྱེད་ཐབས་ལ་གྲོས་ཞིབ་བྱས་ལ། དེ་ནས་གཞི་རིམ་དུ་རྟོག་ཞིབ་གཏིང་ཟབ་གནང་སྐབས་བཅས་གང་གི་སྐབས་སུ་ཡིན་ནའང་། སྨན་བཅོས་འགན་སྲུང་ལ“ཚད་མཐའ་བརྟན་སྲུང་བྱས་ནས་དམངས་འཚོར་ཕན་པ་བསྐྲུན”དགོས་ཞེས་མངགས་བཅོལ་ཡང་ཡང་གནང་མྱོང་བ་དང་། དམངས་ཡོངས་འགན་སྲུང་ནང་ཞུགས་རྒྱུ་དང་། སྨན་བཅོས་འགན་སྲུང་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པ་ནས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་སྨན་རྫས་དཀར་ཆག་རྒྱ་སྐྱེད་གཏོང་བ། སྨན་རྫས་གཅིག་སྡུད་དང་གྲངས་འབོར་ཆེ་བའི་ཉོ་སྒྲུབ་བྱེད་པ་བཅས་བར་གྱི་ཐབས་ཇུས་གལ་ཆེན་རེ་རེར་མཚོན་ནས་བཤད་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་བཏང་བ་ཞིག་ཡིན་ལ། མིག་སྔར་རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་བཙུགས་ནས། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཚབས་ཆེན་གྱི་འགན་སྲུང་། སྨན་བཅོས་རོགས་སྐྱོབ་བཅས་ལམ་ལུགས་རིམ་པ་གསུམ་གྱི་ཁུར་པོ་རིམ་བཞིན་ཇེ་ཡང་དུ་གཏོང་བའི་ལམ་ལུགས་སྒྲོམ་གཞི་རིམ་བཞིན་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་སྨན་བཅོས་འགན་སྲུང་མ་ལག་བཙུགས་ཡོད། མི་དམངས་མང་ཚོགས་ཀྱིས“ནད་སྟོན་ཐུབ་པའི”ཆེད། རང་རྒྱལ་གྱིས་སྨན་རྫས་ཀྱི་རིན་གོང་བཅོས་སྐྱོང་ཟབ་སྤེལ་བཏང་བ་དང་། སྨན་རྫས་དང་རིན་ཐང་མཐོ་བའི་སྨན་བཀོལ་ཟད་གྲོན་གཅིག་སྡུད་ཉོ་སྒྲུབ་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་དུ། རང་རྒྱལ་གྱིས་སྨན་རྫས་གཅིག་སྡུད་དང་གྲངས་འབོར་ཆེ་བའི་ཉོ་སྒྲུབ་ཁག11དངོས་སུ་སྤེལ་ནས། བསྡོམས་རྩིས་བྱས་ན་སྨན་བཅོས་འགན་སྲུང་ཐེབས་རྩའི་མ་དངུལ་སྒོར་ཁྲག་ཁྲིག་ལྔ་ཡས་མས་གྲོན་ཆུང་བྱས་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་བསྟུད་མར་ལོ་བརྒྱད་ཀྱི་རིང་ལ་སྨན་བཅོས་འགན་སྲུང་སྨན་རྫས་ཀྱི་དཀར་ཆག་ལེགས་སྒྲིག་བྱས་ནས། རིམ་བཞིན་སྨན་བཟང་པོ་དང་སྨན་གསར་པ་རིགས949ནང་འདྲེན་བྱས་ཡོད།

2025ལོའི་ཟླ9པར། ཧྲན་ཏུང་ཅི་ནན་གྱི་རྒྱུངས་པའི་རང་བཞིན་གྱི་ཤ་གྲིམ་རྙིད་འཁུམ་ནད་ཀྱི་མཐོང་དཀོན་པའི་ནད་བྱུང་ཡོད་པའི་ནད་པ་མིང་ལ“རྡོ་ཆུང་ཆུང་”ཞེས་གྲགས་པ་དེ་ཉིད་སློབ་ཆུང་ལོ་རིམ་དང་པོའི་ནང་དངོས་སུ་ཞུགས་ཡོད། དེ་སྔ་རྒྱུངས་པའི་ཤ་གྲིམ་རྙིད་འཁུམ་ནད་སྨན་བཅོས་བྱེད་པའི་སྨན་རྫས་ནོ་ཞི་ན་ཧྲེང་ནཱ་ཁབ་གཅིག་གི་འགྲོ་གྲོན་སྒོར་འབུམ་བདུན་ཡིན། གྲོས་མོལ་ཡང་ཡང་བྱས་པ་བརྒྱུད། སྨན་དཀོན་པོ་དེ་ཉིད་སྨན་བཅོས་འགན་སྲུང་སྨན་རྫས་དཀར་ཆག་ནང་བཅུག་རྗེས། ཁབ་རེར་སྒོར་ཁྲི་3ལྷག་ཙམ་ལས་སྟེར་མི་དགོས་པར་བྱས་པ་དང་། སྨན་བཅོས་འགན་སྲུང་གིས་འགྲོ་སོང་རྩིས་ཞུ་བརྒྱབ་རྗེས་མི་སྒེར་གྱིས་སྒོར་ཁྲི1ཡས་མས་མ་གཏོགས་སྤྲོད་དགོས་ཀྱིན་མེད།

“རྡོ་ཆུང་ཆུང”ཞེས་གྲགས་པའི་ནད་པ་ཆུང་ཆུང་དེའི་ཨ་ཕ་མ་ཧེང་ཞང་གིས་བཤད་རྒྱུར། ངོ་མཚར་ཆེན་པོ་འདི་ཉིད་དྲང་མོར་བཤད་ན་ང་ཚོའི་ཁྱིམ་མིའི་བརྩེ་བ་དང་བུ་ཆུང་ཁོ་རང་ཉིད་ཀྱི་འབད་བརྩོན་ལས་གཞན། ད་དུང་ཕྱོགས་གཞན་ཞིག་ཡོད་པ་ནི་རྒྱལ་ཁབ་ཀྱིས་ང་ཚོར་བརྩེ་དྲོད་ཆེན་པོ་ཞིག་བསྩལ་བ་དེ་ཡིན། ཁྱིམ་ཚང་ཆུང་ཆུང་གི་བརྩེ་བ་དང་རྒྱལ་ཁབ་ཀྱི་བརྩེ་བ་གཉིས་མཉམ་གཅིག་ཏུ་བསྡོམས་པ་ལས་གཞི་ནས་ངོ་མཚར་ཆེན་པོ་དེ་བྱུང་བ་རེད་ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལ། རང་རྒྱལ་གྱི་སྨན་བཅོས་འགན་སྲུང་བཅོས་སྒྱུར་གྲུབ་འབྲས་ཀྱིས་དམངས་ཡོངས་ལ་ཕན་ཁེ་བསྐྲུན་ཡོད། གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་ཚད་བརྟན་པོའི་ངང95%ལ་སླེབས་ཡོད་ཅིང་། ཐེབས་རྩའི་སྤྱིའི་འགྲོ་སོང་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་དང་ཁྲག་ཁྲིག་གསུམ་ལས་བརྒལ་ཡོད། ལས་བཟོ་པའི་སྨན་བཅོས་འགན་སྲུང་དང་གྲོང་མིའི་སྨན་བཅོས་འགན་སྲུང་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་ཁང་དུ་སྡོད་པའི་འགྲོ་སོང་རྩིས་ཞུ་བྱེད་པའི་བསྡུར་ཚད་དེ་སོ་སོར80%དང70%ཡས་མས་སུ་བརྟན་པོར་གནས་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར31དང་དེ་མིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ་བཅས་སུ། ལས་བཟོ་པའི་སྨན་བཅོས་འགན་སྲུང་མི་སྒེར་གྱི་བྱང་བུ་ཡིས་ཞིང་ཆེན་ནང་རང་ལས་ཕུད་པའི་རང་གི་ནང་མི་དང་གཉེན་ཉེ་སོགས་ཀྱིས་སྤྱོད་ཐུབ་པ་མངོན་འགྱུར་བྱས་པ་དང་། སྨན་བཅོས་འགན་སྲུང་གཅིག་གྱུར་འཆར་འགོད་ས་ཁུལ337ལ་ཞིང་ཆེན་ལས་བརྒལ་ནས་མཉམ་རོགས་བྱེད་ཐུབ་པ་བྱུང་ལ། མི་ཐེར་འབུམ་གཅིག་དང་དུང་ཕྱུར་བྱེ་བ་ལྔ་ཡིས་སྨན་བཅོས་འགན་སྲུང་གི་ཨང་ཀི་བཤེར་ནས་སྨན་བཅོས་དང་སྨན་ཉོ་སྒྲུབ་བྱེད་ཐུབ་པ་བྱུང་སྟེ། སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུ་སྔར་ལས་སྟབས་བདེ་ཅན་དུ་གྱུར་ཡོད།

སྨན་བཅོས་འགན་སྲུང་གི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཇེ་ཆེ་རུ་བཏང་བའི་རྨང་གཞིའི་ཐོག རང་རྒྱལ་གྱིས་བུ་བཙའི་འགན་བཅོལ་གྱི་ཁྱབ་རྒྱ་བརྟན་པོའི་ངང་རྒྱ་བསྐྱེད་དེ། རྒྱལ་ཡོངས་ནས་འགན་བཅོལ་ནང་ཞུགས་པའི་མི་གྲངས་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་ལྔར་སླེབས། ད་ལོར་གཞི་རྩའི་ཆ་ནས་སྲིད་ཇུས་ཁྱབ་ཁོངས་ནང་གི་བུ་བཙའི་འགྲོ་གྲོན་མི་སྒེར་གྱིས་སྤྲོད་མི་དགོས་པ་མངོན་འགྱུར་བྱུང་བ་དང་། སྨན་བཅོས་འགན་སྲུང་སོ་སོའི་ཆུ་ཚད་བརྟན་པོའི་ངང་ཇེ་མཐོ་རུ་ཕྱིན་ནས་མི་དམངས་ཡོངས་ཀྱི་ཚེ་སྲོག་གི་བདེ་ཐང་སྲུང་སྐྱོབ་བྱས།

མང་ཚོགས་ཀྱིས་ནད་བསྟེན་ནས་དྲག་ཐུབ་པར་ཡོང་ཆེད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གྱི་ནུས་པ་ཇེ་ཆེ་རུ་བཏང་ཞིང་། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་འགན་བཅོལ་བརྙན་པར་སྤྲིན་སྣེའི་ལས་སྟེགས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། 2027ལོའི་ལོ་མཇུག་སྔོན་དུCTདང་Xའོད་སོགས་བརྙན་པར་གྱི་རྒྱུ་ཆ་རྒྱལ་ཡོངས་སུ་ཕན་ཚུན་བརྗེ་རེས་དང་ཁས་ལེན་ཐུབ་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།

བདེ་ཐང་ཀྲུང་གོ་ཡི་འཐབ་ཇུས་ཁྲིད་སྟོན་འོག སྲིད་ཇུས་དང་བྱེད་ཐབས་རེ་རེ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན། རང་རྒྱལ་གྱི་སྡོད་མིའི་བདེ་ཐང་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོ་རུ་ཕྱིན་པ་དང་། བུད་མེད་དང་བྱིས་པའི་བདེ་ཐང་གི་དམིགས་ཚད་གཙོ་བོ་འཛམ་གླིང་གི་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས། 2024ལོའི་ལོ་མཇུག་བར་དུ། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་ལོ79ལ་སླེབས་ཐུབ།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་འཆར་འགོད་ནོར་དོན་དང་ཁྲིམས་སྲོལ་སིའི་སི་ཀྲང་ཅང་ཁྲེང་ཅ་ཡིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཡོངས་ཀྱི་ནད་གཞི་སྨན་བཅོས་ཐད་ཀྱི་སེམས་ཁྲལ་སེལ་དགོས་པའི་མངག་བཅོལ་ནན་མོ་དེ་བློ་ལ་བརྟན་པོར་ངེས་ནས། སྨན་བཅོས་འགན་བཅོལ་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། འགན་སྲུང་ཆུ་ཚད་དང་དོ་དམ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས་ཟེར།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྨང་གཞི་བརྟན་པོར་རྐང་བཙུགས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གྲོས་གཞིའི་ནང་དུ་སྨན་བཅོས་འགན་སྲུང་བྱ་བར་སྔར་ལས་བཀོད་སྒྲིག་ཞིབ་ཕྲ་བྱས། རང་རྒྱལ་གྱིས་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་བཅོས་སྒྱུར་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་པ་དང་། འགན་སྲུང་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་། འགན་སྲུང་གནད་འཁེལ་ཚད་ཇེ་མཐོ་རུ་གཏོང་བ། སྨན་བཅོས་འགན་བཅོལ་དང་སྨན་བཅོས། སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། སྨན་བཅོས་འགན་སྲུང་དྲ་བ་སྔར་ལས་ཚགས་དམ་པ་དང་། སྔར་ལས་བརྟན་པ། སྔར་ལས་ཀུན་ཕན་ཅན་ཡོང་བར་བྱས་ཏེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།