མཚོ་སྔོན་འཛད་སྤྱོད་མཐུན་ཚོགས་ཀྱིས་ན་ནིང་འཛད་སྤྱོད་པའི་སྒོར་བྱེ་བ་གཅིག་ས་ཡ་གཅིག་འབུམ་བདུན་ཁྲི་དྲུག་སྟོང་བརྒྱད་ལྷག་གི་དཔལ་འབྱོར་གྱོང་གུད་སེལ་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ1པོའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། 2025ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཛད་སྤྱོད་མཐུན་ཚོགས་ཀྱིས་རྒྱལ་ཡོངས་འཛད་སྤྱོད་མཐུན་ཚོགས་ཀྱི་རིག་ནུས315སྟེགས་བུ་དང12315ཁག་བགོས་བརྒྱུད་སྤྲོད་བྱས་པ་སོགས་ཀྱི་ཞུ་གཏུག་གྱོད་གཞི་ཁྱོན་སྡོམ41724དང་ལེན་བྱས་པ་དང་། གྱོད་གཞི30918ཐག་གཅོད་བྱས་ཏེ། འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུད་སྒོར་ཁྲི1176.8ཇེ་ཉུང་དུ་བཏང་ཡོད། ལྡབ་འགྱུར་གྱིས་སྐྱིན་ཚབ་སྤྲོད་དགོས་པའི་གྱོད་གཞི121ཡོད་པ་དང་། ལྡབ་འགྱུར་གྱིས་སྐྱིན་ཚབ་སྤྲོད་དགོས་པའི་དངུལ་གྲངས་སྒོར་ཁྲི2.5ཟིན་ཡོད། དུས་མཉམ་དང་བསྡུར་ན། ཞུ་གཏུག་དང་ལེན་བྱས་ཚད་དང་། ཐག་གཅོད་བྱས་ཚད། དཔལ་འབྱོར་གྱི་གྱོང་གུད་སེལ་ཚད་བཅས་ཚང་མ་འཕར་སྣོན་བྱུང་ཡོད། དེའི་ཁྲོད། ཚོང་ཟོག་རིགས་ཀྱི་ཞུ་གཏུག་གྱོད་དོན22219ཡོད་པ་དང་། ཞབས་ཞུའི་རིགས་ཀྱི་ཞུ་གཏུག་གྱོད་དོན13583ལྷག རིགས་གཞན་གྱི་ཞུ་གཏུག་གྱོད་དོན5922བཅས་ཡོད།

གཞི་གྲངས་ལ་དབྱེ་ཞིབ་བྱས་པར་ལྟར་ན། འཛད་སྤྱོད་ཀྱི་ཞུ་གཏུག་ལ་ཁྱད་ཆོས་ཆེན་པོ་གསུམ་མངོན་པ་དང་། ཚོང་ཟོག་རིགས་ཀྱི་ཞུ་གཏུག་གི་བསྡུར་ཚད་ཀྱིས་ཕྱེད་ཀ་བརྒལ་ཡོད་ལ། བཟའ་བཏུང་དང་ཁྱིམ་སྤྱོད་གློག་ཆས་བཙོངས་རྗེས་ཀྱི་གནད་དོན་མངོན་གསལ་དུ་གྱུར་ཡོད། གཙོ་བོ་བཟའ་བཏུང་གི་སྤུས་ཚད་དང་བདེ་འཇགས། གློག་རྡུལ་གློག་ཆས་ཀྱི་ཞིག་གསོའི་འཁོར་ཡུན་རིང་བར་མ་ཟད་གྲོན་དངུལ་བསྡུ་ལེན་གསལ་བོ་མེད་པ། ཉེར་མཁོའི་ཚོང་ཟོག་ལ་སྐྱོན་ཆ་ཡོད་པའམ་ཡང་ན་བེད་སྤྱོད་བྱེད་ནུས་མེད་པ་སོགས་ཀྱི་ཞུ་གཏུག་གནད་དོན་དང་འབྲེལ་བ་ཡོད་པ། ཞབས་ཞུའི་རིགས་ཀྱི་ཞུ་གཏུག་འཕར་ཚད་མགྱོགས་ཤིང་། སྔོན་གཏོང་འཛད་སྤྱོད་དང་འཚོ་བའི་ཞབས་ཞུའི་རྩོད་གཞི་མང་དུ་བྱུང་བ་བཅས་ཡིན། གཙོ་བོ་ལུས་སྦྱོང་དང་། སློབ་གསོའི་གསོ་སྦྱོང་། མཛེས་སྤྲོས་མཛེས་བཟོ་སོགས་ལས་རིགས་ཀྱི་མགོ་སྐོར་བྱང་བུ་བཟོ་བ་དང་འཛད་སྤྱོད་སྔོན་གཏོང་གི་རིགས། ཁང་པ་མཛེས་བཟོ་ཀུང་སིས་གན་རྒྱ་དང་འགལ་ནས་འཛུགས་སྐྲུན་རྒྱུ་ཆ་བརྗེ་བ་དང་། རྒྱུ་འཕྲི་སླ་བཅོས། ལས་ཡུན་ནར་འགྱངས་བཅས་བྱེད་པ་དང་། གཞིས་ལས་དོ་དམ་གྱི་འགན་འཁྲི་གཞན་དཀྲི་བྱེད་པ། གྲོན་དངུལ་བསྡུ་བའི་རྣམ་གྲངས་ཡོངས་བསྒྲགས་བྱས་པ་རང་འགུལ་མིན་པ་དང་དུས་ཐོག་མིན་པ། ཡུལ་སྐོར་ལས་དོན་ཁང་གིས་བཙན་ཤེད་ཀྱིས་དངོས་ཟོག་ཉོ་རུ་འཇུག་པ་དང་། རང་དགར་ངང་ལམ་ཐིག་བསྒྱུར་བ། ཞག་སྡོད་མགྲོན་ཁང་གི་ཚོང་བྲིན་པའི་དུས་སྐབས་སུ་རང་དགར་རིན་གོང་འཕར་བ་སོགས་ཀྱི་ཞུ་གཏུག་གནད་དོན་འདུས་ཡོད། སྤུས་ཚད་བདེ་འཇགས་ཀྱི་གནད་དོན་དེ་ལྟེ་བའི་རེ་ཞུར་གྱུར་ཡོད་པས། ཚོང་གཉེར་ཚད་ལྡན་མིན་པའི་གནད་དོན་ལ་དོ་སྣང་བྱེད་འོས། གཙོ་བོ་ཁྱིམ་སྤྱོད་རླངས་འཁོར་ཉོས་རྗེས་ཀྱི་དེར་བསྟུན་ཞབས་ཞུ་དང་། ལྷུ་ལག་ཡང་དང་བསྐྱར་དུ་སླར་གསོ་བྱེད་པ། རླངས་འཁོར་རྙིང་པ་ཉོ་ཚོང་བྱེད་པ་བཅས་དང་འབྲེལ་བ་ཡོད་ལ། ཚོང་གཉེར་བྱེད་མཁན་གྱིས་རྒན་པའི་འཛད་སྤྱོད་ཚོགས་སྤྱི་ལ་བཟའ་བཅའ་དང་ལུས་ཁམས་བདེ་སྲུང་གི་རིགས་ཀྱི་ཐོན་རྫས་ལ་སྨན་བཅོས་ཀྱི་ནུས་པ་ཡོད་པར་དྲིལ་བསྒྲགས་རྫུན་མ་བྱེད་པ། ལྷམ་དང་ཞྭ་སོགས་གྱོན་ཆས་ཀྱི་རྒྱུ་ཆ་སྤུས་ཞན་སྤུས་ལེགས་སུ་བརྫུས་པ་དང་། ཆེ་ཆུང་མི་མཐུན་པ། དྲིལ་བསྒྲགས་དང་དངོས་རྫས་མི་མཐུན་པ་སོགས་ཀྱི་ཞུ་གཏུག་གནད་དོན་འདུས་ཡོད།

ཞིང་ཆེན་འཛད་སྤྱོད་མཐུན་ཚོགས་ཀྱིས་ཞུ་གཏུག་གཞི་གྲངས་ལས་མངོན་པའི་དམངས་འཚོའི་དོ་ཁུར་ལ་གཞི་བཙུགས་ཏེ། ཁེ་ལས་ཀྱི་རང་གཅུན་དང་། འཛད་སྤྱོད་པའི་ལྟ་སྐུལ། སྤྱི་ཚོགས་ཀྱི་གཞོགས་འདེགས་བཅས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་འདྲིལ་ཤུགས་ཆགས་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ་དང་། ཞུ་གཏུག་གྲངས་གཞི་དེ་འཛད་སྤྱོད་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་དངོས་སུ་ཏན་ཏིག་གིས་བསྒྱུར་བ། བདེ་འཇགས་ཡིན་པ་དང་སེམས་བདེ་བའི་འཛད་སྤྱོད་ཁོར་ཡུག་བསྐྲུན་གང་ཐུབ་བཅས་བྱས་ཏེ་མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་ཀྱི་འཛད་སྤྱོད་སྤུས་ཚད་མཐོ་རུ་གཏོང་བ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་འཚོའི་འགན་སྲུང་སྲ་བརྟན་དུ་གཏོང་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།