ཟླ1ཚེས16ཉིན། 2026ལོའི་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་ཚོགས་འདུ་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་མཚོ་སྔོན་གྱི་རྒན་གསོ་བྱ་བའི་ཐད་བཀོད་སྒྲིག་བྱས་ཏེ་རྒན་གསོའི་མཁོ་སྤྲོད་དོ་སྙོམས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་། སྟོབས་ཤུགས་ཡོད་རྒུས་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཀྱི་ཁེབས་ཚད་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་ནས་རྒན་གསོ་སྡེ་ཁག་གི་བདག་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་ཚད་བརྒྱ་ཆའི་བདུན་ཅུ་ལ་སླེབས་པར་བརྩོན་ལེན་བྱས། རྒན་གསོ་ཞབས་ཞུ་དང་དངུལ་རྩ། སློབ་གསོ། རིག་གནས། སྡེ་ཁུལ་གྱི་ལས་སྒོ་བཅས་མཉམ་བསྲེས་འཕེལ་རྒྱས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས། དམངས་སྲིད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་བཏང་ནས་རྒན་གསོ་སྡེ་ཁག་གི་བདེ་འཇགས་གཏན་འཇགས་དང་ལོ་ལོན་རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཟང་བོ་བྱས།
2026ལོར། མཚོ་སྔོན་གྱིས་རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་རྒན་པར་གཅེས་སྐྱོང་བྱེད་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཏེ། མི་གྲངས་ལོ་ལོན་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ཆེན་གྱི་གནས་ཚུལ་ཐད་ཀྱི་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས་རྒན་པ་སྤྱི་ཚོགས་ཁྲོད་ཞུགས་པར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་པ་དང་། རྒན་པའི་ཁེ་དབང་འགན་སྲུང་ཐད་ཤུགས་སྣོན་རྒྱུ་མ་ཟད། རྒན་པར་གཅེས་སྐྱོང་དང་རྒན་པར་བརྩི་བཀུར་བྱེད་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དུས་རབས་གསར་པའི་གཞི་རིམ་རྒན་པའི་མཐུན་ཚོགས་ཀྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་རྒྱུ་ཡིན་ལ། ཀྲུང་གོའི་མཁར་གྲོང་གི་རྒན་པའི་འཚོ་བའི་གནས་ཚུལ་ཐད་ཀྱི་བརྟག་དཔྱད་ཐེངས་དྲུག་པ་སྤེལ་རྒྱུ་རེད།
རྒན་གསོ་ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། རྫོང་རིམ་པའི་དཔེ་སྟོན་སྡེ་ཁག་འཛུགས་སྐྲུན་བྱེད་པ། ཡུལ་ཚོ་དང་གྲོང་རྡལ་གྱི་ཞབས་ཞུའི་ལྟེ་གནས་ཀྱི་བྱེད་ནུས་རིམ་སྤོར་བྱེད་པ། སྡེ་བ་རིམ་པའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། སྡེ་བ་རིམ་པའི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་བེད་སྤྱོད་བྱེད་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས་ཞིང་སྡེའི་ཕན་ཚུན་རོགས་རེས་ཀྱི་བདེ་སྐྱིད་ཁང་སོགས་རིམ་སྤོར་སྒྱུར་བཀོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏང་རྒྱུ་རེད།
སྤྱི་བའི་འཛུགས་སྐྲུན་དང་དམངས་གཉེར་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ནང་འདྲེན་བྱས་ཏེ་ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་བྱས་ནས་དཔལ་འབྱོར་གྱི་ལས་རྣམ་གསར་པ་བསྐྱེད་དགོས། རྒན་གསོ་ཞབས་ཞུའི་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་འཇོན་མིའི་དཔུང་སྡེའི་གསོ་སྐྱོང་ལ་ཤུགས་སྣོན་པ། རྩལ་ནུས་གསོ་སྦྱོང་ཇེ་དྲག་ཏུ་བཏང་ནས་རྩལ་ནུས་རིམ་པའི་གསལ་འབྱེད་ལས་དོན་སྤེལ་དགོས། ངལ་རྩོལ་ནུས་ཤུགས་ཉམས་པའི་རྒན་པའི་ལྟ་སྐྱོང་ལ་ཤུགས་སྣོན་པ་དང་ཁམས་གསོ་བདག་སྐྱོང་སོགས་ཞབས་ཞུ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་དགོས།
སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་རྒན་པ་དང་བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། རྒན་གསོ་ཞབས་ཞུའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་པ་སོགས་ལ་སྐུལ་འདེད་བཏང་ནས་ཞིང་སྡེའི་རྒན་གསོ་ཞབས་ཞུའི་མི་འདང་ས་ཁ་གསབ་བྱེད་དགོས།