ཟླ1པའི་ཚེས13ཉིན། གསར་འགོད་པས2026ལོའི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2026ལོར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཞུང་ལམ་དང་ཆུ་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་ལྔ་ཡན་གཏིང་རྩིས་བྱས་ཏེ། སྤྱིར་བཏང་གི་ཞིང་ཆེན་གྱི་གཞུང་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ལྔ་སྟོང་གསར་དུ་བསྐྱར་སྐྲུན་བྱས་ནས། གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་དགུ་དང་སྟོང་ལྔ་ལ་སླེབས་རྒྱུ་ཡིན་ཞིང་། ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་མཛོད་ཉར་དང་སྦྲག་སྲིད་ལས་རིགས་ཀྱི་འཕར་ཐང་འཕར་བའི་དམིགས་འབེན་མངོན་འགྱུར་བྱ་རྩིས་ཡོད།
མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་སྟོང་སྐོར་ཁོག་ནས་ནུབ་མཚོའི་བར་དང་། ཚྭ་འདམ་ཆུང་ངུའི་མཚེའུ་ནས་མང་ཡེའི་བར། ཁྲི་ཀ་ནས་ཐུན་ཏེ་བར་སོགས་རྒྱུན་མཐུད་འཛུགས་སྐྲུན་ལས་གཞི20འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཆུ་ཁོལ་ནས་སྤྱང་ཚང་བར་དུ་རླངས་འཁོར་ཤར་གཏོང་ཐུབ་པར་བྱེད་རྒྱུ་རེད། དེ་མིན་ད་དུང་ཨན་པ་ལ་རི་ཁ་ནས་ཤེའུ་བར་སོགས་ཀྱི་ལས་གཞི་བསྐྲུན་ནས། “དྭངས་གཙང་གི་རྨ་ཆུའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྩིས་ཡོད་ཅིང་། ཐུན་རིན་ནས་ཁྲི་ཀའི་བར་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་མཇུག་མཐའི་ལམ་ཤར་གཏོང་བྱ་རྒྱུ་རེད།
གྲོང་གསེབ་ཀྱི་འགྲུལ་འགྲུལ་དང་ཚོང་དོན། སྦྲགས་སྲིད། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལས་སྒོའི་ཐོན་ཁུངས་དང་གཞི་གྲངས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། “ས་ཚིགས་མང་པོ་གཅིག་གྱུར་དང་ས་ཚིགས་གཅིག་མང་སྤྱོད ”ཀྱི་རྣམ་པར་སྐུལ་འདེད་གཏོང་བ། ལམ་ཐིག་ལེགས་གཏོང་སོགས་ཀྱི་མཉམ་ལས་བྱེད་སྟངས་ཁྱབ་སྤེལ་གཏོང་རྒྱུ་རེད།