ལོ་གསར་མ་ཐག་ས་གནས་སོ་སོས་རང་ངོས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་པ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཁྱད་སྟོབས་ཐོན་ལས་མུ་མཐུད་སྟོབས་ཆེར་བཏང་ནས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།
ཁྱད་ལྡན་ཁྱད་སྟོབས་ཐོན་ལས་སྟོབས་ཆེར་བཏང་། ད་ལོ་ཧོ་པེ་ཡིས་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་ལ་རྒྱུན་མཐུད་ནས་རྒྱབ་སྐྱོར་བྱས་ཡོད་ལ། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་བཏང་བ་དང་། ཐོན་ལས་སྟོབས་ལྡན་གྲོང་རྡལ་དང་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཁག་ཅིག་འཛུགས་སྐྲུན་གང་མགྱོགས་བྱས། པའོ་ཏིང་དབྱི་རྫོང་དུ་འཁྱགས་རོམ་ཐོན་ལས་གླིང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ཉིན་ལྟར་འཁྱགས་སྒྲོམ་ཁྲི་བརྒྱད་དང་སྟོང་བརྒྱད་ཙམ་ཐོན་སྐྱེད་བྱས་པ་དང་། ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་ལྔ་ཟིན་ཡོད་ལ། འབྲེལ་ཡོད་ཞིང་བར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་གཉིས་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱེད་ཐུབ།
ད་ལོ་ཧུའུ་ནན་གྱིས་འབྲུ་རིགས་དང་། སྒོ་ཕྱུགས། ཁྱིམ་བྱ། ཤིང་ཏོག སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ནས། ཐོན་ལས་ཀྱི་རྒྱུན་བསྲིངས་དང་ཁ་གསབ། སྟོབས་ཅན་དུ་གཏོང་བའི་རྐྱེན་སྲོལ་འཛུགས་པ་དང་། སོན་བཟང་གསོ་སྤེལ། ལས་སྣོན་ཞིབ་ཚགས། འཁྱགས་ཟམ་ཟོག་འགྲེམས་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཐོན་རྫས་ཚོང་རའི་འགྲན་རྩོད་བྱེད་ནུས་རྒྱུན་མཐུད་ངང་ཇེ་ཆེ་རུ་བཏང་།
གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་སྤེལ་ཇེ་མགྱོགས་སུ་བཏང་། ལོ་གསར་པའི་ནང་ཅི་ལིན་ཞིང་ཆེན་གྱིས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་ལྔ་ཚགས་སྒྲིག་བྱས་ནས། གངས་འཁྱགས་ཉམས་ལེན་དང་དམངས་སྲོལ་ཉམས་ལེན་སོགས་ལས་རྣམ་གསར་པ་རིམ་སྤོར་བྱས་ནས་གངས་འཁྱགས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་རྫོང་ཚང་མར་ཁྱབ་ཐུབ་པ་བྱས་པ་དང་། གྲོང་གསེབ་ཀྱི་གངས་འཁྱགས་ཡུལ་སྐོར་མྱུར་མོར་འཕེལ་རྒྱུར་སྐུལ་ཁྲིད་བྱས། ད་ལོ་ཧྥུའུ་ཅན་གྱིས“ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ཡུལ་སྐོར་གྲོང་རྡལ་ཆུང་ངུ”སོགས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོ་རུ་གཏོང་རྒྱུ་རེད། མིག་སྔར། ཧྥུའུ་ཀྲོའུ་ཝན་ཧྲི་སྡེ་བའི་མེ་ཏོག་ཅུ་ལི་མུའུ2000ལྷག་ཙམ་སྤྱན་གཟིགས་དུས་ཚིགས་སུ་སླེབས། ད་ལོ། སྡེ་བའི་ནང་བཏོན་པའི་མེ་ཏོག་རྒྱ་མཚོའི་སྒར་འདེབས་དང་ཆུ་ཐོག་གི་མེ་ཏོག་སོགས་ཀྱི་རྣམ་པ་གསར་པ་བཏོད་ཡོད་པ་དང་། ཡུལ་སྐོར་བ་ཚོར་དགུན་དུས་གྲོང་གསེབ་ཀྱི་སྙན་ངག་དང་ཉམས་འགྱུར་ཉམས་སུ་མྱོང་དུ་བཅུག
ཧྥུའུ་ཅན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ཐོན་ཁུངས་གསར་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཁོང་ཆིང་གིས་བཤད་རྒྱུར། ང་ཚོས་ལྗོངས་དང་སྡེ་བའི་མཉམ་འགུལ་འཕེལ་རྒྱས་ལ་བརྟེན་ནས། གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་མཁོ་སྤྲོད་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྡེ་བ་གཅིག་ལ་ཐོན་རྫས་གཅིག་གཏིང་ཟབ་ཏུ་བཏོད་པ་བརྒྱུད། ཁྱད་པར་ཅན་གྱི་འཕེལ་རྒྱས་གཏོང་སྟངས་གསོ་སྐྱོང་བྱས་པ་དང་། གྲོང་གསེབ་ཡུལ་སྐོར་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས་ཡོད་ཟེར།
ཚན་རྩལ་གྱིས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་ནུས་པ་ཐོན། ད་ལོ་སི་ཁྲོན་གྱིས་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་བཏང་། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་སུ། AIདང་ཟོག་སྦྲེལ་དྲ་རྒྱའི་ལག་རྩལ་སྤྱད་ནས་བསྐྲུན་པའི་འབྲི་ཏ་ས་འཛིན་བཟོ་གྲྭས་ཚོར་འདྲེན་ཆས་བརྒྱ་ལྷག་ཙམ་བརྒྱུད་ནས། བརྒྱུད་རིམ་ཧྲིལ་པོ་གྲངས་ཀ་ཅན་དང་རིག་ནུས་ཅན་གྱི་སྙོམས་སྒྲིག་མངོན་འགྱུར་ཡོང་བ་བྱས་ནས་འབྲི་ཏ་ས་འཛིན་གྱི་ཐོན་ཚད་ཇེ་མཐོ་རུ་བཏང་། ཀོང་ཏུང་གིས་ད་ལོ་གཞི་ཁྱོན་ཅན་དང་འདུས་འཛོམས་ཅན་གྱི་དེང་རབས་གྲོང་གསེབ་ཀྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བཙུགས་ནས། མི་ཐབས་རིག་ནུས་སོགས་མདུན་གྲལ་ཚན་རྩལ་གྱི་ནུས་འདོན་ཁྱད་ལྡན་ཞིང་ལས་གཏིང་ཟབ་ཏུ་བཏང་། མའོ་མིང་པེ་ཆའོ་སྡེ་བའི་ཤིང་ཏོག་འབྲུག་མིག་གླིང་དུ། ལེགས་བསྒྱུར་བྱས་མ་ཐག་པའི་མིས་བཟོས་རིག་ནུས་དཔེ་དབྱིབས་ཆེན་པོ་དེ་ས་གནས་དེ་གའི་ཤིང་ཏོག་འབྲུག་མིག་ཐོན་ལས་ཀྱི་གཞི་གྲངས་ཆེན་མོའི་ལས་སྟེགས་དང་ཕྱོགས་ཡོངས་ནས་འབྲེལ་མཐུད་ཐུབ་པ་དང་། AIདཔེ་དབྱིབས་དེས་ཤིང་ཏོག་འབྲུག་མིག་གི་ནད་འབུའི་གནོད་འཚེ་འགོག་བཅོས་ཤེས་བྱ་དང་གནམ་གཤིས་ཆ་འཕྲིན་སོགས་གཞི་གྲངས་དང་སྦྲེལ་མཐུད་ཐུབ་པས། ཤིང་འབྲས་ར་བའི་དོ་དམ་ལ་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་ཤིང་ཏོག་འབྲུག་མིག་གི་ཐོན་སྐྱེད་ཕན་འབྲས་ཆེ་རུ་ཕྱིན་ཡོད།