རྨ་ལྷོ་ཡིས་མུ་འབྲེལ་བྱེད་སྒོ་སྤེལ་ནས་ཕྱི་ཕྱོགས་མཉམ་ལས་བརྗེ་རེས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངབས་མེ་ལོང་།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ་ཚེ་རིང་དོན་འགྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།  ཐུན་རིན་ཟླ1ཚེས16ཉིན་ཁྲིན་ཏུའུ་རུ་བསྐྱོད་དེ་ཐུན་རིན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ལྟེ་གནས་ཀྱི་ཡོལ་རས་འབྱེད་པའི་མཛད་སྒོ་བསྡུས་པ་དང་།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་དང་།  དེ་བཞིན་ཝུན་ཅང་ཆུས་ཀྱི་ལོ་གསར་ཉོ་ཚོང་འོས་སྦྱོར་བྱེད་སྒོ  རེབ་གོང་ཐང་ག་སྒྱུ་རྩལ་རིག་གཞུང་སྤེལ་རེས་ཚོགས་འདུ་བཅས་བསྡུས་པ་རེད།     ད་ཐེངས་ཀྱི་མུ་འབྲེལ་བྱེད་སྒོ་ནི་རྨ་ལྷོ་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཕྱི་ཕྱོགས་མཉམ་ལས་བརྗེ་རེས་འགོ་ཚུགས་པའི་ལག་ལེན་ཡིན་ལ།     ཁུལ་ཡོངས་ཀྱི་དུས་རིམ་རྗེས་མའི་སྒོ་འབྱེད་རྒྱ་སྐྱེད་དང་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བར་རྨང་གཞི་བཏིངས་ཡོད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་འགོད་གཏན་འཁེལ་བྱས་ཏེ། རྨ་ལྷོ་ཁུལ་གྱིས་ད་ཐེངས་ཀྱི་ཁྲིན་ཏུའུ་ཡི་མུ་འབྲེལ་བྱེད་སྒོ་སྤེལ་བ་འགོ་ཚུགས་ས་བྱས་ནས་ཕྱི་ཕྱོགས་མཉམ་ལས་བརྗེ་རེས་ལ་དམིགས་ཏེ་སྤུས་འདེགས་ཕན་སྐྱེད་དང་། ས་ཁོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཐེན་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་མཐུན་སྦྱོར་ཟོང་རྟགས་ལེགས་སྤེལ་དང་།  ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་པ་བཅས་ཁ་ཕྱོགས་ཆེན་པོ་གསུམ་ནས་གནད་འཁེལ་ཤུགས་འདོན་བྱ་རྒྱུ་ཡིན།

ས་ཁོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་བྱེད་པའི་ཐད་རྨ་ལྷོ་ཁུལ་གྱིས་དབུས་ནུབ་རྒྱུད་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཁྲོམ་རའི་དགོས་མཁོར་གནད་འཁེལ་སྦྲེལ་མཐུད་བྱས་ཏེ། ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོམས་འཛུགས་སྐྲུན་ཁྲོད་རང་འགུལ་ངང་མཉམ་འདྲེས་བྱས་ནས་གཙོ་རྒྱུ་ས་ཁོངས་ལས་བརྒལ་བའི་ཆོད་ཆེའི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་།     སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་གིས་མཉམ་འདྲེས་བྱས་ཏེ་ཕྱི་ཕྱོགས་ཅན་གྱི་ཁེ་ལས་གསོ་སྐྱོང་བྱས་ནས་ནོར་གནག་བོད་ལུག་དང་། རེབ་གོང་སྒྱུ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས“ཕྱི་ཕྱོགས་སུ་བསྐྱོད་པར”སྐུལ་འདེད་བཏང་སྟེ། ཁྱབ་ཁོངས་མང་པོའི་བརྗེ་རེས་མཉམ་ལས་རྒྱ་སྐྱེད་དེ་རྨ་ལྷོའི་ཕྱི་ཕྱོགས་ཀྱི་སྐད་གྲགས་ཚད་དང་ཤུགས་རྐྱེན་ཆེ་རུ་བཏང་།  ཐེན་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་མཐུན་སྦྱོར་ཁྱབ་ཁོངས་ཀྱིས་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།     ནུས་ཁུངས་གསར་པ་དང་ལྗང་མདོག་རིག་རྩིས་སོགས་ཁྱབ་ཁོངས་ལ་དམིགས་ཏེ། ཐོན་ལས་མཉམ་ལས་སྟེགས་བུ་མཉམ་སྐྲུན་དང་གཙོ་གནད་ལས་གཞི་དོན་འཁྱོལ། དམངས་འཚོ་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་སློབ་གསོ་ཤེས་ལྡན་མི་སྣ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།     སོན་ལས་དང་ལྗང་མདོག་ཞིང་ལས་སོགས་ཁྱབ་ཁོངས་མང་པོར་ལག་རྩལ་འགག་སྒྲོལ་བྱས་ཏེ་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས་དམངས་འཚོ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན།

ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་པའི་ཐད། རྨ་ལྷོ་ཁུལ་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་ཆོག་འཐུས་བཀག་རྒྱའི་ཞིབ་ཐོ་དོན་འཁྱོལ་དང་།   མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་བཅོས་བསྒྱུར་གྱི་པར་གཞི5.0དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ།     རིམ་པ་བཞིའི་སྲིད་དོན་ཞབས་ཞུའི་མ་ལག་འཛུགས་པ་དང་། གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།     ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་རིམ་སྤར་ལ་སྐུལ་འདེད་གཏོང་རྒྱུ་ཡིན། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།