དགུན་ཁར་དུག་འདི་ཕོག་པར་ངེས་པར་དུ་ཡིད་འཇོག་གྱིས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

དབྱིང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པར་སྔོན་འགོག་ཇི་ལྟར་བྱེད་དགོས།

དང་པོ། ཁང་པའི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་དུ་འཇུག་དགོས།
   དུས་རྒྱུན་དུ་ཁང་པར་རླུང་རྒྱུག་ཏུ་བཅུག་ནས་ཁ་དབུགས་གཙང་མ་བྱེད་དགོས་པ་དང་། ལྷག་པར་ལྕགས་ཐབ་དང་སོལ་ཐབ། མེ་གཞོང་ལ་སོགས་སྒྲིག་ཆས་བཀོལ་སྤྱོད་བྱེད་དུས། རྡོ་སོལ་ཡོངས་སུ་འབར་ཚར་མེད་པ་དང་མེ་ལྕེ་རང་བཞིན་གྱིས་ཟད་ཡག་བྱས་མེད་པའི་དུས་ཁ་དམ་པོར་རྒྱག་མི་རུང་།

གཉིས་པ། བཀོལ་བྱའི་ཐབ་ཆས་ལ་སྐྱོན་འདི་དག་འབྱུང་མི་རུང་། 
  དྲོད་འདོན་གྱི་སོལ་ཐབ་ལ་དུ་ཁུང་སྒྲིག་དགོས་པ་མ་ཟད། དུ་ཁུང་ལ་སྲིབས་ཀ་དང་གས་ཀ་ཤོར་བའམ་ཡང་ན་དུ་བའི་རྒྱུ་ལམ་འགག་པ་སོགས་ཀྱི་སྐྱོན་འབྱུང་མི་རུང་།
  གསུམ་པ། ཐབ་ཆས་འདེམས་དུས་ཡིད་འཇོག་བྱ་དགོས།
   ཁྱིམ་དུ་རྒྱ་ཁོག་ཟ་དུས་སུ། རབ་ཡིན་ན་རྡོ་སོལ་བཀོལ་བྱེད་ཀྱི་ཐབ་ཆས་རིགས་མ་སྤྱད་ན་ལེགས། གལ་ཏེ་ཐབ་དེ་རིགས་སྤྱོད་པ་ཡིན་ན་ཁང་པའི་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུག་ཏུ་བཅུག་ན་ལེགས།
  བཞི་བ། སྒྲིག་སྦྱོར་ཡང་དག་བྱེད་དགོས།

 འབར་རླངས་ཆུ་དྲོད་ཆས་བཀོལ་སྤྱོད་བྱེད་དུས། འབར་རླངས་ཆུ་དྲོད་ཆས་དེ་ཁྲུས་ཁང་དུ་བསྒྲིགས་མི་རུང་བར་ཁྲུས་ཁང་ཕྱི་ལོགས་ཀྱི་སྒེའུ་ཁུང་གི་ཉེ་སའམ་ཕྱི་ནས་བསྒྲིགས་ན་ལེགས།
  ལྔ་བ། སྒེའུ་ཁུང་ཡུན་རིང་ལ་བརྒྱབ་ནས་འཇོག་མི་རུང་།
    རླངས་འཁོར་གྱི་དྲོད་སྙོམས་ཆས་ཀྱི་སྒོ་ཕྱེས་པའི་སྐབས་ལ་སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབ་ནས་གཉིད་མི་རུང་བ་མ་ཟད། ལམ་ཐག་རིང་བོར་རྒྱུག་མཁན་གྱི་ཁ་ལོ་བས་ངེས་པར་དུ་མཚམས་རེར་སྒེའུ་ཁུང་ཕྱེས་ཏེ་རླུང་རྒྱུག་དུ་འཇུག་དགོས།
  དྲུག་པ། དབྱིང་གཅིག་ཐཱན་འགྱུར་གྱི་ཚད་འཇལ་ཆས་སྒྲིག་དགོས།
   འབར་རླངས་ཀྱི་ཐབ་ཆས་དང་ལྕགས་ཐབ་བམ་སོལ་ཐབ་བཀོལ་མཁན་ཁྱིམ་ཚང་གིས་རབ་ཡིན་ན་དབྱིང་གཅིག་ཐཱན་འགྱུར་ཚད་འཇལ་གྱི་ཡོ་ཆས་རེ་བསྒྲིགས་ན། དབྱིང་གཅིག་ཐཱན་འགྱུར་གྱི་དུག་དེ་ཕོག་པའི་ཉེན་ཁ་ལས་གཡོལ་བར་རམ་འདེགས་བྱེད་ཐུབ།


འོ་ན་དུག་དེ་ཕོག་རྗེས་མྱུར་སྐྱོབ་བྱེད་ཐབས་གང་དག་ཡོད་ཅེ་ན།
 

རང་ལ་ཕོག་དུས།
    མགོ་བོ་ན་བ་དང་། སྐྱུག་མེར་ལངས་པ། སྐྱུག་པ། ཡང་ན་ལུས་ཡོངས་ཉོབ་པར་གྱུར་ནས་ཤེད་མེད་ཀྱང་རྣམ་རིག་གསལ་བའི་དུས་སུ། གོག་ནུར་གྱིས་རླུང་རྒྱུག་སར་འགྲོ་ཞོར་སྐད་བརྒྱབ་ནས་འབོད་དགོས།

ཕ་རོལ་པོར་དུག་ཕོག་དུས།
    དང་པོ། དུག་ཕོག་མཁན་ལམ་སེང་ཁ་དབུགས་གཙང་ས་དང་རླུང་རྒྱུག་ས་ཞིག་ལ་སྤར་ནས་ལྭ་བ་དང་སྐ་རགས་སོགས་ལྷོད་དགོས་པ་དང་། ནད་པའི་དབུགས་རྒྱུན་མི་ཆད་པ་ཅི་ཐུབ་བྱ་དགོས།

  གཉིས་པ། མྱུར་སྐྱོབ་ཁ་པར120བརྒྱབ་ཏེ་འཕྲལ་མར་སྨན་ཁང་དུ་བསྐྱལ་དགོས། གལ་ཏེ་ནད་པའི་རྣམ་རིག་མི་གསལ་བ་དང་། ཁ་ཤ་དམར་ནག་ཏུ་གྱུར་ཚེ། སྐྱུག་རོས་དབུགས་རྒྱུན་མི་འགོག་ཆེད་དུ་མགོ་བོ་གཡས་གཡོན་གང་རུང་ལ་གསེག་ཏུ་བཅུག་ནས་འཇོག་དགོས།  
    གསུམ་པ། མྱུར་སྐྱོབ་མི་སྣར་སྒུག་ཞོར་དུ་དུག་ཕོག་མཁན་ལ་ལྟ་རྟོག་ཡང་ཡང་ནས་འཕྲལ་བསྟུན་མྱུར་སྐྱོབ་བྱ་དགོས།གལ་ཏེ་སྙིང་གི་ལྡིང་ཚད་བཞག་ཚེ། ལམ་སེང་སྙིང་གློ་སླར་གསོ་ཡི་ཐབས་རིགས་སྤྱད་དེ་དབུགས་གསོ་ཅི་ཐུབ་བྱེད་དགོས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།