ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་གློག་འཕྲིན་སྡེ་ཚོགས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཁི་རོས་ཝུན་སོགས་དང་བཞུགས་མོལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ1ཚེས14ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་གློག་འཕྲིན་སྡེ་ཚོགས་ཀྱིས་ཟི་ལིང་དུ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་གློག་འཕྲིན་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་རྐང་གཉེར་དབུ་གཙོ་ཁི་རོས་ཝུན་སོགས་དང་བཞུགས་མོལ་བྱས་པར་མ་ཟད་མཉམ་དུ་གྲོས་མཐུན་བཀོད་པར་བདེན་དཔང་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁི་རོས་ཝུན་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་རླབས་ཆེན་འཆར་འགོད་ལྟར། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་པ་དང་འབད་འཐབ་ཡར་བརྩོན་བྱས་པར་བརྟེན། 2025ལོའི་དམིགས་འབེན་དང་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་སུ་འགྲུབ་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་བསྒྲིལ་ཞིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཕན་འབྲས་མངོན་གསལ་བླངས་ཡོད། མ་འོངས་པར་ཁ་ཕྱོགས་ཚེ། མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྦས་ཤུགས་ཆེ་ཞིང་བར་སྟོང་ཡངས་ལ། དེ་ནི་མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་ཞིག་ཡིན། ཕྱོགས་གཉིས་ཀྱིས་རྨང་གཞི་ལེགས་པོར་རྐང་འཛུགས་པ་དང་། གྲོས་མཐུན་གྱི་ནང་དོན་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། མ་འོངས་པའི་ལོ་ལྔ་དང་དུས་ཡུན་དེ་ལས་རིང་པོར་གཞིགས་ནས། ཁྱབ་ཁོངས་སྔར་ལས་ཡངས་ཤིང་རིམ་པ་སྔར་ལས་ཟབ་པའི་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་། དཔེ་སྟོན་ལས་གཞི་སྔར་ལས་མང་པོ་བསྐྲུན་ཏེ། མཚོ་སྔོན་གྱིས་ཐོན་ཁུངས་ནུས་ཁུངས་དགེ་མཚན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་རུ་བསྒྱུར་བར་རོགས་ཤུགས་འདོན་པ་དང་། རྒྱལ་ཁབ་ཀྱི་ཤར་གྲངས་ནུབ་རྩིས་འཐབ་ཇུས་དང་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱ་འཛུགས་པར་མཉམ་དུ་ཞབས་འདེགས་ཞུ་རྒྱུའི་རེ་བ་བཅངས་ཡོད།

ཁི་རོས་ཝུན་གྱིས་མཚོ་སྔོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས་པ་དང་། ཁེ་ལས་ཀྱི་ཉེ་བའི་ལོ་འགའི་རིང་གི་ཚུལ་སྒྱུར་འཕེལ་རྒྱས་གྱི་གནས་ཚུལ་ངོ་སྤྲོད་བྱས་རྗེས། ཀྲུང་གོ་གློག་འཕྲིན་གྱིས་མཚོ་སྔོན་འདི་ཉིད་མ་འོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ཚིགས་གནས་གལ་ཆེན་དུ་བརྩིས་ནས། གསར་དར་གཞི་གྲངས་རྨང་གཞིའི་སྒྲིག་ཆས་དང་། ཚད་རྡུལ་རྩིས་རྒྱག དམའ་དབྱིངས་དཔལ་འབྱོར། སྒུལ་འཕྲིན་རབས་ལྔ་པའི་ལག་རྩལ་བེད་སྤྱོད་སོགས་ཀྱི་ཁྱབ་ཁོངས་སུ་དངོས་གཉེར་མཉམ་སྤེལ་བྱས་ཏེ། གཞི་གྲངས་མཚོ་སྔོན་འཛུགས་སྐྲུན་དང་། རྒྱལ་ཁབ་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཀྲུང་གོ་གློག་འཕྲིན་སྡེ་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། སྤྱིའི་རྩིས་གཉེར་པ་ལིས་ཡིང་ཧོས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་མཐུན་བཀོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།