ཟླ1ཚེས15ཉིན་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གུང་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་དང་ཀྲུང་གུང་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་གིས་སྒྲུབ་འགན་འཁུར་བ་དང་། ཀྲུང་གུང་རྟ་ཐང་རྫོང་ཨུ་ཡོན་ལྷན་ཁང་དང་རྟ་ཐང་རྫོང་མི་དམངས་སྲིད་གཞུང་གིས་རོགས་སྒྲུབ་བཅས་བྱས་པའི2025ལོའི་དུས་ཚིགས་བཞི་པའི“མཚོ་སྔོན་གྱི་མི་བཟང”ཁྱབ་བསྒྲགས་མཛད་སྒོ་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་བསྡུས་པ་དང་། “མཚོ་སྔོན་གྱི་མི་བཟང”12མིང་ཐོའི་ཁྲོད་ཚུད་ཡོད།
ཁོ་ཚོའི་ཁྲོད་སྨན་པ་བྱས་ནས་ལོ་སུམ་ཅུ་འགོར་ཏེ་རིམ་རྩིས་བྱས་ན་འོས་འགན་སྨན་བཅོས་མི་ཐེངས་འབུམ་གཅིག་ཡན་ལ་སླེབས་ཡོད་པ་དང་། མཐོ་སྒང་གོམ་པས་ཚད་འཇལ་དང་བྱམས་སེམས་ལ་བརྟེན་ནས་བདེ་ཐང་སྲུང་སྐྱོང་བྱེད་མཁན་སྨན་པ་ཀྲང་ཀྲུང་ཆི་དང་། ཚེ་ཕྱེད་རིང་ཐོག་མའི་དམ་བཅའ་བརྟན་སྲུང་བྱས་ཏེ་སྐད་གཉིས་ཀྱི་ཐོག་ནས་གཞུང་དྲང་བརྒྱུད་སྒྲོག་བྱེད་པའི་ཁྲིམས་དཔོན་ཐུའུ་ཞིའུ་ཧྭ། ཉིན་གཅིག་གི་རིང་ལ་ཐེངས་གཉིས་ལ་དཔའ་ངར་ཆེན་པོས་ཡར་ལངས་ནས་ཉེན་ཁ་ཚབས་ཆེན་ཁྲོད་ཚེ་སྲོག་བསྐྱབས་པའི་དུས་རབས་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་མ་ཞིན་ཅུན། ན་སོ་གཞོན་རྐང་ཕྲ་མོ་ནས་སྐྲ་དཀར་པོར་གྱུར་བའི་ལོ་ཉེར་བརྒྱད་རིང་ལ་སྔོ་ལྗང་སྲུང་སྐྱོང་པ་ཀྲེང་ཝེ་ཀུའོ་དང་། འབྲོག་པས་བྱམས་བརྩེ་ངང“རུས་མཐུད་སྲུང་ལྷ”རུ་འབོད་ཅིང་ཕ་ཡུལ་དུ་རྩ་བ་ཚུགས་ནས་སྡེ་མི་ཚོར་ཞབས་འདེགས་ཞུ་མཁན་སྡེ་བའི་སྨན་པ་བཀྲ་ཤིས་དོན་འགྲུབ། ལོ་ངོ་ཞེ་བརྒྱད་ཀྱི་རིང་ལག་ཟུང་ལ་བརྟེན་ནས་ཁྱིམ་གཞིས་བསྒྱུར་བཀོད་དང་ལུང་བ་ཆེན་པོའི་ལས་དབང་བསྒྱུར་བཅོས་བྱས་པའི་ཝང་ཐུང་པང་དང་། ཉིན་མཚན་སུམ་སྟོང་ལྷག་བརྒྱུད་ནས་རྒྱ་བོད་སྐད་ཡིག་བར་དུ་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་འཇའ་ཟམ་བསྐྲུན་པའི་ཚེ་རིང་འབུམ། ལོ་ངོ་བཅོ་ལྔའི་རིང་གཅིག་པུས་དབང་སྐྱོན་ཚབས་ཆེའི་གཉེན་ཉེ་གཉིས་བསྲུངས་ནས་སྡུག་རུས་ཆེན་པོས་ཁྱིམ་ཚང་གི་ཁུར་པོ་ལྗིད་པོ་འཁུར་མཁན་ཆོས་དབྱངས་སོགས་ཡོད་པ་དང་། ཁོ་ཚོ་ནི་ནམ་རྒྱུན་འཚོ་བའི་ཁྲོད་གང་སར་མཐོང་ཐུབ་པའི་དྲོད་ཁོལ་གྱི་འོད་སྣང་ཞིག་ཡིན་པ་དང་། སྤྱིར་བཏང་གི་འཚོ་བའི་ཁྲོད་ཁུ་སིམ་མེར་བརྒྱུད་སྒྲོག་བྱེད་པའི་དགེ་སྒྲུབ་ཀྱི་སྟོབས་ཤུགས་ཤིག་ཡིན་པས། མཚོ་སྔོན་གྱི་བུ་བུ་མོས་བློ་སྟོབས་ཆེན་པོས་ཡར་རྒྱས་བརྩོན་པའི་བསམ་པའི་ཉམས་འགྱུར་མངོན་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ“མཚོ་སྔོན་གྱི་མི་བཟང”གི་འཐུས་མི་ཚོས་ཁོ་ཚོའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་བཤད་པ་དང་། ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་ཁོ་ཚོ་ནི་ང་ཚོའི་ཉེ་འགྲམ་གྱི་མི་ཕལ་བ་ཡིན་མོད། ཁོ་ཚོས་བྱ་སྤྱོད་ཕྲན་བུ་རེ་རེར་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་སྤྱིར་བཏང་དེ་སྤྱིར་བཏང་མ་ཡིན་པ་ཞིག་ཏུ་བསྒྱུར་བས་ཁོ་ཚོར་སློབ་སྦྱོང་བྱེད་རྒྱུ་ཡིན་ཟེར།
ཁྱབ་བསྒྲགས་མཛད་སྒོ་དེ“ཕལ་བའི་དགེ་སྒྲུབ། དྲོད་ཁོལ་བརྒྱུད་སྤྲོད”དང“བདེན་པའི་རྒྱབ་ལངས། དཀའ་ངལ་མཉམ་སེལ”དང“ཡིད་རྟོན་གཞིར་འཛིན། སྤྱོད་བཟང་ཐེག་ཆེ”དང “ལས་གཅེས་ལས་བཀུར། བརྩོན་འགྲུས་ནན་བསྟར”དང“ཉེ་དགའ་རྒན་བཀུར། ཁྱིམ་སྲོལ་སེམས་བྲོད”ཞེས་པའི་ལེའུ་ལྔ་ལ་དགར་ཡོད། བརྙན་རིས་བརྙན་ཐུང་དང་རིག་རྩལ་ལེ་ཚན། ཡུལ་དངོས་བགྲོ་གླེང་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་དཔའ་བོའི་སེམས་འགུལ་ཐེབས་པའི་མཛད་རྗེས་དེ“མངོན་མེད”ནས“མཐོང་ལམ”དུ་བཤམས་ཏེ། སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མ་ཡིན་པའི་ལས་བསྒྲུབས་ནས་མཐོ་སྒང་གི་ས་གཞི་རུ་བརྩེ་བ་ཆེན་པོའི་ས་བོན་གཏོར།