"ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་གཞི་རིམ་དུ་ཡོད།"ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཉི་ནུས་འོད་ཤུགས་གློག་འདོན་ལག་རྩལ་གྱི་དངོས་སྦྱོང་སློབ་ཚན་སྤེལ་དགོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན་མཚོ་སྔོན་ཚ་འདམ་གཞོང་ལས་རིགས་ལག་རྩལ་སློབ་གླིང(གཤམ་དུ་བསྡུས་མིང་ལ“མཚོ་སྔོན་ཚ་འདམ་གཞོང་ལས་རིགས་སློབ་གྲྭ”ཞེས་འགོད་རྒྱུ)གི་མོང་ཀྲི་ཐོག་ཁང་གི་ཐོག་བརྩེགས་བཞི་པར་བསྐྱོད་སྐབས་འཕྲུལ་གློག་བཟོ་སྐྲུན་ཚན་ཁགPLCདངོས་སྦྱོང་ཁང་ནང་བློ་རྩེ་གཅིག་ཏུ་སྒྲིམ་ནས་སློབ་སྦྱོང་བྱེད་པའི་རྣམ་པ་ཞིག་མཐོང་བ་སྟེ། ཚན་ཁག་གི་ཀྲུའུ་རེན་ཀྲོའུ་ཝེ་ཀྲེང་གིས2024རིམ་པའི་གློག་ཤུགས་མ་ལག་རང་འགུལ་ཅན་གྱི་ལག་རྩལ་འཛིན་གྲྭའི་སློབ་མ40ལྷག་རང་སོ་སོའི་དངོས་སྦྱོང་སྒྲིག་ཆས་འགྲམ་དུ་བསྡད་ནས་འཆར་ཤེལ་ཐོག་གི་དཔྱད་གྲངས་འགྱུར་ལྡོག་ལ་ལྟ་རྟོག་བྱས་ཏེ་གཟབ་ནན་ངང་གོ་རིམ་སྙོམ་སྒྲིག་བྱེད་བཞིན་པ་དེ་རེད། 

ཀྲོའུ་ཝེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་སློབ་གྲྭའི་འཕྲུལ་གློག་ཚན་ཁག་གི་ཆེད་ལས་འཛུགས་སྐྲུན་དེ་སྲོལ་རྒྱུན་གྱི་སྒྲོམ་གཞི་ལས་བརྒལ་ནས་ཐོག་མའི་འཕྲུལ་གློག་གཞི་གཅིག་ཅན་དང་གློག་ཤུགས་རང་འགུལ་ཅན་ནས་བཟོ་ལས་འཕྲུལ་ཆས་མིའི་ལག་རྩལ་དང་འོད་ཤུགས་ལས་གཞིའི་ལག་རྩལ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཁྱབ་ཁོངས་སུ་རིམ་བཞིན་སྣུར་སྲིང་བྱས་ཏེ། ནུས་རྒྱུ་གཙང་མའི་ཐོན་ལས་ལ་ཞབས་འདེགས་ཞུ་བའི་འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ་ཆེད་ལས་ཚོགས་པ་སྣེ་ཁྲིད་དུ་འཛིན་པའི་རིག་ནུས་བཟོ་སྐྲུན་དང་ནུས་ཁུངས་སྒྲིག་ཆས་ལག་རྩལ་སོགས་ཕྱོགས་མང་པོར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་ཞིག་ཆགས་ཡོད། མིག་སྔར་ཁོང་ཚོས་སྣེ་ཁྲིད་དེ་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་། ལས་རིགས་མཐུན་ཚོགས། སྣེ་ཁྲིད་ཁེ་ལས་བཅས་དང་མཉམ་དུ“ནུས་རྒྱུ་གཙང་མའི་ལས་རིགས་ཀྱི་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ཐུན་མོང་སྒྲིག་གཞི”རེ་ཞུ་བྱས་ཏེ་མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པའི་ཐབས་ལམ་གསར་པ་སྔར་ལས་མང་བ་འཚོལ་ཞིབ་བྱེད་བཞིན་ཡོད།

དགེ་རྒན་གྱི་སྣེ་ཁྲིད་འོག་རྫས་འགྱུར་དབྱེ་ཞིབ་སློབ་ཁྲིད་ཁྲོད་ཆིང་དབྱང་ནཱ(氢氧化钠)ཚད་ངེས་སྐོར་གྱི་ནང་དོན་ལ་སློབ་སྦྱོང་བྱེད་བཞིན་པ།

ཀྲོའུ་ཝེའི་མཛུབ་མོས་བསྟན་ཕྱོགས་དེད་ནས་སྒེའུ་ཁུང་གི་ཕྱི་རོལ་ལ་བལྟས་པ་ན། སྐྱ་མདོག་གི“འོད་ཤུགས་ལིང་ཚེ”མིག་མདུན་དུ་མངོན་ཡོང་། དེ་ནི་སློབ་གྲྭས2025ལོའི་ལོ་མཇུག་ཏུ་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད་ད་དུང་བཀོལ་སྤྱོད་བྱེད་མགོ་བརྩམས་པའི་ནུས་རྒྱུ་གཙང་མའི་རླུང་ཚ་འོད་གསོག་འཇོག་གཞི་གཅིག་ཅན་གྱི་དངོས་སྦྱོང་རྟེན་གཞི་ཞིག་རེད། རིགས་མི་འདྲ་བའི་འོད་ཤུགས་པང་ལེབ་བཞི་ཉི་འོད་འོག་ཏུ་འོད་འཚེར་བ་དང་། གློག་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གཡབ་མོ་རླུང་དང་བསྟུན་ནས་དལ་གྱིས་འཁོར་བྱུང་ལ། ལད་ཟློས་འོད་དྲོད་གློག་འདོན་མ་ལག་དང་མཉམ་དུ་ལངས་གཟུགས་དངོས་སྦྱོང་བརྡར་སྟེགས་བུ་ཞིག་གྲུབ་ཡོད།

“རྟེན་གཞི་འདིས་ཉིན་རེར་གློག་ཏུའུ70འདོན་ཐུབ་པས། མོང་ཀྲི་ཐོག་ཁང(明智楼)ཧྲིལ་པོའི་གློག་སྒྲོན་དགོས་མཁོ་བསྐངས། གློག་ཤུགས་ལྷག་མ་དེ་ནུས་གསོག་སྒྲིག་ཆས་ནང་གསོག་འཇོག་བྱས་ཏེ། ཉིན་མོར་ཐད་ཀར་གཏོང་བ་དང་ཐད་ཀར་མཁོ་སྤྲོད་བྱེད་པ་དང་། མཚན་མོར་ནུས་གསོག་དང་གློག་མཁོ་འདོན་བྱེད་པའི་འཁོར་སྐྱོད་རྣམ་པ་མངོན་འགྱུར་བྱེད་ཐུབ”ཅེས་ཀྲོའུ་ཝེས་འགྲོ་བཞིན་དུ་དེ་ལྟར་ངོ་སྤྲོད་བྱས། “ལས་རིགས་སློབ་གསོའི་སྲོག་ཤིང་ནི་ལག་ལེན་གྱི་ནུས་པ་སྤྲོད་རྒྱུ་དེ་ཡིན། ང་ཚོས་རྟེན་གཞི་འདི་བསྐྲུན་པའི་དོན་སྙིང་ནི་སློབ་མ་རྣམས་ལ‘རྩ་བའི་རིགས་པ་དང་རི་མོ་ལ་བལྟ་བ’ནས་དངོས་གནས‘ལག་པའི་ལག་ལེན’དུ་འཇུག་རྒྱུ ” དེ་ཡིན་ཟེར། 

སློབ་གྲྭར་འཆམ་འཆམ་དུ་སོང་བ་ན། བཟོ་ལས་འཕྲུལ་མིའི་དངོས་སྦྱོང་ལྟེ་གནས་དང་མོང་ཀྲི(明智)གློག་འདོན་དངོས་སྦྱོང་ཁང་སོགས་དེང་རབས་ཅན་གྱི་དངོས་སྦྱོང་བྱེད་ས་ཆ་ཚང་ཡོད་པ་དང་། དེ་དག་ཚང་མ་སློབ་གླིང་གིས་རིམ་རྩིས་བྱས་ནས་སྒོར་ཁྲི་ཕྲག་སྟོང་ཕྲག་ཁ་ཤས་བཏང་ནས་གསར་སྐྲུན་དང་རྒྱ་བསྐྱེད་བྱས་པའི་གྲུབ་འབྲས་རེད། རྨང་གཞིའི་དེའི་ཐོག་འཕྲུལ་གློག་ཚན་ཁག་གིས་ཀྱང་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་སྔར་བས་ཏན་ཏིག་བྱས་ཏེ། མཚོ་སྔོན་ཀྲུང་ཁུང(中控)ཉི་ནུས་སོགས་ཁེ་ལས་དང་བརྟན་ལྷིང་གི་མཉམ་ལས་འབྲེལ་བ་བཙུགས་ནས་ཁ་ཕྱོགས་གཏན་འཁེལ་གྱི་འཛིན་གྲྭ་དང་མཉམ་འབྲེལ་དངོས་སྦྱོང་ཁང་མཉམ་དུ་སྐྲུན་ནས་སློབ་དེབ་དང་སློབ་ཚན་ཐོན་ཁུངས་ཐུན་མོང་ཐོག་གསར་སྤེལ་བྱས། དེ་དང་ཆབས་ཅིག་རྩལ་ནུས་འཛིན་ཡིག་ལེན་པར་སྐུལ་འདེད་ནན་མོ་བཏང་ནས་ལས་རིགས་རྩལ་ནུས་རིམ་དབྱེའི་འཛིན་ཡིག་དཔྱད་ཞིབ་ས་ཚིགས་མང་པོ་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱས་པ་དང་། སློབ་མ་བརྒྱ་ཕྲག་ཁ་ཤས་ཀྱིས་ཐོབ་ཐང་འཛིན་ཡིག་ལེན་པར་བརྒྱུད་རང་ཉིད་ཀྱི་ལས་ཞུགས་ལམ་བུར་ཡིད་ཆེས་བརྟན་པོ་བསྣན།

"འཕྲུལ་གློག་བཟོ་སྐྲུན་ཚན་ཁག་གི་སྲོག་ཤིང་ནི‘གནས་བཞིའི’འཛུགས་སྐྲུན་ཁྲོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། བསྒྲུབ་དགོས་ན་ཆེད་ལས་དང་སྤུས་ལེགས་བྱེད་དགོས།"མ་འོངས་པའི་སྐོར་གླེང་སྐབས་ཀྲོའུ་ཝེའི་མིག་མདངས་ཧ་ཅང་བརྟན་པོ་ཞིག་སྟེ།"མཚོ་ནུབ་ནི་ས་ཆ་གཞན་དང་བསྡུར་ནས་ཐག་ཅུང་རིང་ན་ཡང་།། ང་ཚོས་དེར་ཡོད་པའི་ཐོན་ཁུངས་ལ་བརྟེན་ནས་ཞིང་ཆེན་ནང་ཁུལ་གྱི་སྔོན་ཐོན་དང་རྒྱལ་ནང་དུ་སྐད་གྲགས་ཆེ་བའི་ཆེད་ལས་ཚོགས་པ་བསྐྲུན་དགོས། འཕྲུལ་གློག་བཟོ་སྐྲུན་ཚན་ཁག་གིས་མཚོ་ནུབ་ཀྱི་ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་མཚོ་སྔོན་གྱི་ཁྱད་ཆོས་དང་མཚོ་སྔོན་གྱི་ཐམ་རྟགས་ལྡན་པའི་རྒྱལ་ཡོངས་ཀྱི་སྐད་གྲགས་ཆེ་བའི་སློབ་གླིང་དང་ཚན་ཁག་བསྐྲུན་རྒྱུ་ཡིན་པས། གཏེར་ལེན་ཁ་རུ་ཡང་སྤུས་ལེགས་ཀྱི་ལས་རིགས་སློབ་གསོའི་མཐོ་ས་ཡོད་པ་ཚང་མར་ཤེས་སུ་འཇུག་དགོས" ཟེར། 

ཞིང་ཆེན་རིམ་པའི་རླངས་འཁོར་སྒྲིག་ཆས་བཟོ་སྐྲུན་རྩལ་ནུས་འགྲན་སྡུར་མ་བྱས་གོང་གི་སྦྱོང་བརྡར་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་རླངས་འཁོར་གྱི་རྩི་བྱུགས་སྟངས་ལ་སློབ་སྦྱོང་བྱེད་བཞིན་ཡོད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་ཇི་ལྟར་བྱས་ན་སློབ་གྲྭ་དང་སློབ་ཁྲིད་ཁྲོད་ནས་མི་སེམས་ལ་་འཇུག་ཐུབ་ཅེ་ན། མཚོ་སྔོན་ཚ་འདམ་གཞོང་ལས་རིགས་སློབ་གླིང་གིས་དེ་ལ་ལན་བཏབས། 2025ལོའི་ཟླ10པའི་ཟླ་མཇུག་ཏུ། སློབ་གྲྭར་སློབ་སྦྱོང་བྱེད་པའི་སློབ་མ23གིས་གྲུབ་པའི་གཞོན་ནུའི་དྲིལ་སྒྲོག་རུ་ཁག་ཞིག་སྟེ། “ཚ་འདམ་གཞོང་ལས་རིགས་སློབ་གླིང་གི་སྐད་སྒྲ”དངོས་སུ་བཙུགས། “མིག་སྔར་ང་ཚོས་གསར་འགྱུར་རྩོམ་སྒྲིག་ཐད་ཀྱི་གསོ་སྦྱོང་ལེགས་གྲུབ་ཟིན་པས། གཤམ་དུ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གསོ་སྦྱོང་གཉེར་རྩིས་ཡོད”ཅེས་སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ལི་ཅུན་དབྱིས་དྲིལ་སྒྲོག་རུ་ཁག་གི་ནང་སྦྱོང་ཁང་དུ་སློབ་མ་ཚོ་དང་མཉམ་དུ་རྗེས་མཐུད་བཀོད་སྒྲིག་གི་ཁ་བརྡ་བྱེད་བཞིན་ཡོད། ཅོག་ཙེའི་ཐོག་གི་གསོ་སྦྱོང་ལག་དེབ་ཐོག་ཟིན་བྲིས་ཞིབ་ཕྲ་བྲིས་ཡོད་དེ། “ང་ཚོས་སློབ་མ་གཙོ་བྱས་ཏེ། ་གཞོན་ནུ་ཚོའི་རང་འགུལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞོན་ནུ་ཚོའི་སྐད་སྒྲ་ལ་བརྒྱུད་ནས་སློབ་གྲྭའི་གྲུ་གང་ཚང་མར་བརྒྱུད་སྤྲོད་བྱེད་དགོས་ཟེར། ”

སློབ་མཇུག་གི་མཚོ་སྔོན་ཚ་འདམ་གཞོང་ལས་རིགས་སློབ་གླིང་གི་ལྡུམ་རའི་ནང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་ལ་དམིགས་པའི་ཆེད་དོན་དྲིལ་སྒྲོག་ཚོགས་འདུ་དུས་ལྟར་སྤེལ་བ་དང་། སློབ་མ་ཁུང་ཞང་ཕིང་གིས“གཤམ་དུ་ངས་སློབ་སྦྱོང་གི་གྲུབ་འབྲས་བྱ་སྤྱོད་དེ་ལག་ལེན་དངོས་སུ་བསྒྱུར་ནས་ཆེད་ལས་སློབ་སྦྱོང་དང་དངོས་སྦྱོང་ལག་ལེན་ཁྲོད་ནུས་ཤུགས་སྦྱོང་བརྡར་བྱས་ནས་མ་འོངས་བར་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་བཤད།

“ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ནི་ལས་རིགས་སློབ་གསོའི་གཞི་རྩའི་སློབ་གཉེར་བྱེད་སྟངས་ཡིན་ལ། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། ”སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ལི་ཧུང་ཏེའི་སྐད་ཆ་ལ་སྟོབས་ཀྱིས་ཁེངས། སློབ་གླིང་གིས་མུ་མཐུད་དུ་འཕེལ་རྒྱས་འཆར་འགོད་དང་། སློབ་གསོའི་བརྒྱུད་རིམ། ལས་སྟེགས་ལམ་སྲོལ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་ནུས་རྒྱུ་གཙང་མ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་དམིགས་ནས་ཆེད་ལས་འགུལ་རྣམ་ལེགས་སྒྲིག་བྱས་ཏེ། བཟོ་རྩལ་པའི་སྙིང་སྟོབས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ནས་ཐོན་ལས་སློབ་གླིང་དང་ཐོན་ལས་སློབ་གསོ་མཉམ་འདྲེས་ཐུན་མོང་གི་སྒྲིག་གཞིར་བརྟེན་ནས་སློབ་གསོའི་གཡུལ་ས་སྲ་བརྟན་དུ་གཏོང་དགོས།

ཉི་མ་ནུབ་ཏུ་ཡུལ་སྐབས་དངོས་སྦྱོང་རྟེན་གཞིའི་འོད་ཤུགས་པང་ལེབ་ཀྱིས་སྔར་བཞིན་ཆེས་མཐའ་མཇུག་་ཉི་འོད་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། དངོས་སྦྱོང་ཁང་བའི་ནང་གི་གློག་འོད་རིམ་བཞིན་བཀར་བཞིན་ཡོད། མཐོ་སྒང་སྟེང་མཚོ་སྔོན་ཚ་འདམ་གཞོང་ལས་རིགས་སློབ་གླིང་གི་དགེ་སློབ་ཚོས་རིགས་པའི་གཞུང་ལུགས་མཛུབ་ཁྲིད་དང་ལག་ལེན་རྨང་གཞིར་བྱས་ནས་ལས་རིགས་སློབ་གསོའི་ནུས་པ་ལྡན་པའི་ས་གནས་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་གོམ་སྟོབས་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད་དོ། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།