གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཉེ་ལམ་ཞིང་ཆེན་རིམ་པའི་མཚོ་བསྐོར་འབྲོག་པའི་རིག་གནས(མཚོ་ལྷོ)། མཚོ་བསྐོར་འབྲོག་པའི་རིག་གནས(མཚོ་བྱང)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་པའི་སྙན་ཞུ་ལ་ཆོག་མཆན་ཐོབ་པས། ཟླ1པའི་ཚེས14ཉིན་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བསྡོམས་པའི་བདུན་ལ་བསླེབས་ཡོད་པ་རེད།
“རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ”དེ་ནི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྙིང་བོར་བཟུང་སྟེ། ལོ་རྒྱུས་རིག་གནས་ཀྱི་རྫོང་མཐུག་ལ་རྒྱུན་བསྐྱངས་ཚུལ་ལེགས་པ། རིན་ཐང་གལ་ཆེན་དང་ཁྱད་ཆོས་མངོན་གསལ་ལྡན་པའི་རིག་གནས་ཀྱི་གནས་སྟངས་བཅས་ལ་སྤྱིའི་ཆ་ནས་སྲུང་སྐྱོབ་བྱ་ཆེད་བཙུགས་པ་ཞིག་རེད། ད་སྔ་མཚོ་སྔོན་ཞིང་ཆེན་དུ་ཏེ་ཏུའུ་སོག་པོའི་རིག་གནས(མཚོ་ནུབ)སྐྱེ་དངོས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་། ཧོར་རིགས་རིག་གནས(ཧོར་གྲོང)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། ས་ལར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། རྨ་ཙོང་རིག་གནས(མཚོ་ཤར)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། རྨ་ཙོང་རིག་གནས(ཟི་ལིང)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། མཚོ་སྔོན་པོ་བསྐོར་བའི་འབྲོག་པའི་རིག་གནས(མཚོ་ལྷོ)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། མཚོ་སྔོན་པོ་བསྐོར་བའི་འབྲོག་པའི་རིག་གནས(མཚོ་བྱང)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་སོགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ7ཡོད།
ད་ལོར་ཆོག་མཆན་ཐོབ་པའི་མཚོ་སྔོན་པོ་བསྐོར་བའི་འབྲོག་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ་གཞི་རྟེན་དང་། མི་རིགས་མང་པོ་མཉམ་འདྲེས་རྨང་གཞི་བྱས་པ། རིག་གནས་གནའ་ཤུལ་དང་དེའི་དེང་རབས་ཀྱི་མཚོན་བྱེད་ལ་གཞི་བཅོལ་བ། སྐྱེ་ཁམས་དང་མི་ཆོས་མཉམ་གནས་ཀྱི་ས་མཐོའི་ཁོར་ཡུག་ཁྲོད་འཕེལ་འགྱུར་བྱུང་ནས་གྲུབ་པའི་འབྲོག་པའི་རིག་གནས་སྙིང་བོར་བཅས་བཟུང་བའི་མཉམ་འདུས་ས་ཁོངས་ཀྱི་རིག་གནས་མ་ལག་ཅིག་ཡིན། དེར་སོ་ནམ་རིག་གནས་དང་ཆབ་སྲིད་རིག་གནས། ཚོང་ལས་རིག་གནས། སྐྱེ་ཁམས་རིག་གནས། འབབ་རྒྱུད་རིག་གནས། སྲོལ་རྒྱུན་ལག་ཤེས་རིག་གནས། མི་རིགས་དམངས་ཁྲོད་རྩོམ་རིག་ལ་སོགས་པའི་རིག་གནས་རྣམ་པ་འདུ་བས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་གྲུབ་པའི་ལོ་རྒྱུས་ཀྱི་བདེན་དཔང་དང་གསོན་ཉམས་དོད་པའི་རིག་གནས་ཀྱི་གནས་སྟངས་ཤིག་ཡིན་ནོ། །