མཚོ་སྔོན་གྱིས་སྐོར་སྐྱོད་སྨན་བཅོས་སྤེལ་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་སྔར་ལས་འཛོམས་པོ་ཅན་དུ་བསྒྱུར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1པའི་ཚེས13ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྨན་བཅོས་ཐུན་མོང་སྤྱི་ཁྱབ་སྨན་ཁང་དང་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་འཕྲོད་བསྟེན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཅས་ཀྱི“ཚོགས་སྒྲིག་རྣམ་པའི”རྨ་སྟོད་རྫོང་ལ་རོགས་རམ་བྱེད་ཀྱིན་པའི་སྨན་བཅོས་རུ་ཁག་སྐོར་ཐེངས་གསུམ་པས་མཚོ་འཕགས་སྨི4500ཡན་གྱི་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་གྱི་འབྲོག་ལས་སྡེ་བ་ལྔ་རུ་སྐོར་སྐྱོད་སྨན་བཅོས་ཞབས་ཞུ་སྤེལ། རྨ་སྟོད་རྫོང་སྨན་བཅོས་ཐུན་མོང་སྤྱི་ཁྱབ་སྨན་ཁང་སྨན་བཅོས་ཚན་ཁག་གི་ལས་འཛིན་ཆི་ཀོང་ལིས་ཀྱིས་བཤད་རྒྱུར། འབྲོག་པ་རྣམས་ཀྱི་སྡོད་གནས་ཁ་ཐོར་ཡིན་པའི་དབང་གིས། ང་ཚོས་ཐད་ཀར་འབྲོག་ཁྱིམ་དུ་འཛུལ་ནས་སྨན་བཅོས་ཐོན་ཁུངས་སྤུས་ལེགས་དང་སྨན་བཅོས་ཞབས་ཞུ་འབྲོག་པའི་སྒོ་ཁ་རུ་བསྐྱལ་བ་ཡིན་ཟེར།

ད་ཐེངས་ཀྱི་སྐོར་སྐྱོད་སྨན་བཅོས་བྱེད་སྒོས་སྨན་པ་གཞི་རིམ་དུ་སྐྱེལ་བ་དང་རྩལ་ནུས་སྤྲོད་པ་ཡི་རྣམ་པ་སྤྱད་ཡོད། སྨན་བཅོས་རུ་མི་ཚོས་འབྲོག་པ་ཚོར་ཕྱོགས་ཡོངས་ཀྱི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱས་ཡོད་ཅིང་། དེའི་ནང་འཇུ་བྱེད་ཁོག་ནད་ཚན་ཁག་དང་བྱིས་ནད་ཚན་ཁག སྤྱིར་བཏང་གི་ཕྱི་ནད་ཚན་ཁག བོད་ཀྱི་གསོ་རིག་ཚན་ཁག སྒྲ་བརྒལ་ཚན་ཁག་སོགས་འདུས་ཡོད། སྨན་བཅོས་རུ་ཁག་གིས་འབྲོག་པ་རྣམས་ལ་རང་གཤིས་ཅན་གྱི་སྨན་བཅོས་ཇུས་གཞི་བཟོས་ཡོད་པར་མ་ཟད། ད་དུང་ཁྲག་ཤེད་དང་ཁྲག་གི་མངར་ཆར་རིན་མེད་སྒོས་བརྟག་པ་དང་།  བདེ་ཐང་དྲིལ་སྒྲོག་དཔྱད་གཞི་བཀྲམ་ནས། རྒྱུན་མཐོང་གི་ནད་དང་རྒྱུན་འབྱུང་གི་ནད། དལ་བའི་རང་བཞིན་གྱི་ནད་བཅས་ཀྱི་སྔོན་འགོག་བདེ་སྲུང་ཤེས་བྱ་ཁྱབ་གདལ་བཏང་ནས། འབྲོག་པ་མང་ཚོགས་ལ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དང་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།