ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཡང་དག་སྒོས་སྲིད་ཇུས་ལག་བསྟར་བྱེད་པར་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་གཉིས་ཀྱི་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་ཀྱིས་མི་རིགས་ས་ཁུལ་མཉམ་དུ་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1པོའི་ཚེས13ཉིན། གསར་འགོད་པས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྗོད་གཞི་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་རའི་སྟེང་ཤེས་གསལ་ལྟར་ན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་སྟེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམ་པོར་དམིགས་པ་དང་། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་བརྩོན་ལེན་དང་མི་རིགས་ཚོང་དོན་གྱི་དངུལ་བུན་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་གཉིས་དོན་འཁྱོལ་བྱེད་རྒྱུ་བརྩོན་ལེན་བྱས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

གྲོང་གསེབ་དར་སྤེལ་གཏོང་བའི་ཐད་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བཅོས་བསྒྱུར་འཕེལ་རྒྱས་ལ“དོན་སྙིང་གསུམ”ལྡན་པའི་བླང་བྱ་གལ་ཆེན་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། གྲངས་ཉུང་མི་རིགས་འཕེལ་རྒྱས་གཏོང་བའི་ལས་འགན་དང་མ་དངུལ་སྒོར་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་གཉིས་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། མ་དངུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཕན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པར་ཕན་པའི་རྣམ་གྲངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་དང་། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་ཀྱི་རྣམ་གྲངས728དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་རྣམ་གྲངས512 དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཧྥུལ་ཉུང་བའི་ཇ་ལེབ་བཙོང་བའི་རྣམ་གྲངས169བཅས་ལ་ཁྲིད་སྟོན་བྱས། གྲངས་ཉུང་མི་རིགས་འཕེལ་རྒྱས་གཏོང་རྒྱུའི་ལས་འགན་དང་མ་དངུལ་གྱི་རྣམ་གྲངས་ལག་བསྟར་བྱས་པ་ལས། མི་རིགས་ས་ཁུལ་གྱི་མང་ཚོགས་ལ་ངེས་པ་དོན་གྱིས་ཕན་བཏགས་པ་དང་། སྲིད་ཇུས་ཀྱི་གྲུབ་འབྲས་དང་། སྤྱི་ཚོགས་ཀྱི་གྲུབ་འབྲས། དཔལ་འབྱོར་གྱི་གྲུབ་འབྲས་བཟང་པོ་ཐོབ་པ་ལས“དམངས་སེམས་དྲོ་སྐྱིད་དང་དམངས་འཚོར་ཕན་པའི་”རྣམ་གྲངས་ཞེས་འབོད་ཀྱི་ཡོད།

དམངས་གཉེར་དཔལ་འབྱོར་གྱི་ནུས་པའི་ཐད་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆེད་མཁོའི་ཚོང་རྫས་ཀྱི་དམིགས་འཛུགས་ཐོན་སྐྱེད་ཁེ་ལས45དང་། མི་རིགས་ཉོ་ཚོང་ཁེ་ལས174ཡི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་ཉོ་ཚོང་དང་མི་རིགས་ཀྱི་ཟོང་རྟགས་ཐད་དངུལ་བུན་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཚྭ་འདམ་གཤོངས་སའི་ལུག་བལ་དང་མཚོ་སྔོན་ཨ་ཆེན་གངས་རྒྱབས་བཟའ་བཏུང་ཚད་ཡོད་ཀུང་སི་སོགས་ཁེ་ལས107ལ་རིམ་རྩིས་བྱས་ན་སྐྱེད་གསབ་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་དྲུག་འབུམ་གཅིག་ཁྲི་གསུམ་དངོས་འབེབས་བྱས་པ་དང་། ནུས་ཡོད་སྒོས་མི་རིགས་ཚོང་དོན་དང་མི་རིགས་ཀྱི་ཟོང་རྟགས་གྲགས་ཅན་བསྐྲུན་པའི་མ་གནས་ཇེ་ཆུང་དུ་བཏང་ནས། ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ། ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་བརྩོན་སེམས་ཆེ་རུ་བཏང་། ཁེ་ལས་ཀྱིས“དོན་སྙིང་གསུམ”ལག་བསྟར་བྱས་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བཅས་བྱས་ཏེ“འགྲོ་འོང་སྤེལ་རེས་མཉམ་འདྲེས་གསུམ”གྱི་ཐད་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་བཏང་བ་དང་། ཚད་གཞི་མཐོ་བའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།