ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཚེས14ཉིན་པེ་ཅིང་དུ་མཇུག་སྒྲིལ། ད་ལྟ་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སྒྲོག་འདོན་བྱ་རྒྱུ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ2026ལོའི་ཟླ1ཚེས12ཉིན་ནས་ཚེས14ཉིན་བར་པེ་ཅིང་དུ་འཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན120ཡོད་པ་དང་། མི265ཟུར་ཞུགས་བྱས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གྲོས་ཚོགས་ལ་ཞུགས།
ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་མཛིན་མཛད། ཚང་འཛོམས་གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་དང་། 2025ལོའི་སྒྲིག་བཤེར་ལྟ་ཞིབ་བྱ་བ་སྤྱི་སྡོམ་བྱས་ཏེ། 2026ལོའི་ལས་འགན་བཀོད་སྒྲིག་བྱས་པ་མ་ཟད། བློ་མཐུན་ལི་ཞིས་ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཕུལ་བའི《ཚད་གཞི་སྔར་བས་མཐོ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་བར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་མཁོ་འདོན་བྱེད་དགོས》ཞེས་པའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚང་འཛོམས་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས། ཚང་མས་མགྲིན་གཅིག་ཏུ་གསུང་བཤད་ལས་འདས་ཟིན་པའི་ལོ་གཅིག་ལ་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་བསྐྱངས་ཏེ་བླངས་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ལ་དམིགས་ནས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་སྤྱད་དེ་ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་བར་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་རིང་གི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་བར་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་ཆེད་འཐབ་ཇུས་བཀོད་སྒྲིག་བྱེད་དགོས་ལ། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱ་དགོས་པར་འདོད། ཚང་མས་གཅིག་གྱུར་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། འགན་འཁྲིའི་འདུ་ཤེས་དང་འབད་འཐབ་ཀྱི་བློ་སྟོབས་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་དང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་རྒོལ་བར་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུས་ལྟར་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། 2025ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བསྐྱེད་བྱས་ནས། ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ལ། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན་གྱིས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལ་ཡོངས་སུ་སྐོར་ཞིབ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་དག་ཐེར་གཏིང་ཟབ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། “སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ཡང་དག་ཅན་བཅས་སུ་འགྱུར་བའི་འཛུགས་སྐྲུན་ལོའི”འགུལ་སྐྱོད་འཆར་གཞི་ཏན་ཏིག་གིས་སྤེལ་ཞིང་། བློ་བརྟན་འགྱུར་མེད་སྒོས་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་སྲུང་སྐྱོབ་བྱ་ཆེད་འཐབ་འཛིང་བྱས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནས་བབ་ལ་བརྡར་གཅོད་ཡང་དག་བྱེད་པ་དང་ལས་འགན་ཚན་རིག་དང་མཐུན་པས་བཀོད་སྒྲིག་བྱེད་པའི་སྟེང་དངོས་སུ་གཅིག་གྱུར་ཡོང་བར་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱ་རྒྱུ་དེས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བ་ལེགས་པོ་སྒྲུབ་པར་བཏོན་པའི་སྔར་ལས་མཐོ་བའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་རྒོལ་བྱའི་ལམ་བུར་བསྐྱོད་དེ། ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་སྐྱོང་རྒྱུར་སྐུལ་འདེད་ཟབ་མོ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ད་ལོའི་ལས་དོན་ཡག་པོར་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ་དང་། ཏང་ལེགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”མཐའ་གཅིག་ཏུ་གུང་བཀུར་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་དགོས་ལ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་མུ་མཐུད་དམ་འཛིན་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཤུགས་ཚད་ཆེ་རུ་གཏོང་དགོས་ཤིང་། རུལ་སུངས་སུ་འགྱུར་བའི་རྒྱུ་དང་རྐྱེན་ནུས་ཤུགས་ཡོད་རྒུས་རྩ་མེད་དུ་བཏང་སྟེ། “ཅན་གསུམ”འཛུགས་སྐྲུན་ལོའི་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་བ་དང་། དུས་རབས་གསར་པའི་འཐབ་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་བྱེད་དགོས།
གཅིག་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་ངང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་སེམས་ཇེ་ཆེར་གཏོང་བར་སྐུལ་ཁྲིད་བྱེད་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་དེ་ཉིད་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། བློ་གཉིས་དང་གཏམ་སྤྱོད་གཅིག་མཐུན་མིན་པའི་ངོ་གཉིས་མ་གཙང་སེལ་མཐའ་གཅིག་ཏུ་བྱེད་དགོས། ཡོད་པ་བདུན་གྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ནས། བསམ་བློའི་ཐད་ཀྱི་རང་མོས་རིང་ལུགས་དང་། ཆབ་སྲིད་ཐད་ཀྱི་སྐབས་འཚོལ་རིང་ལུགས། རྩ་འཛུགས་ཐད་ཀྱི་ཕྱོགས་རིས་རིང་ལུགས། བྱ་བའི་ཐད་ཀྱི་རང་གནས་རིང་ལུགས། འགན་འཁྲིའི་ལག་བསྟར་ཐད་ཀྱི་མི་བཟང་རིང་ལུགས་བཅས་ཡོ་བསྲང་དང་བཅོས་སྐྱོང་ནན་པོ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་འཛུགས་པ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བདེ་བླག་ངང་འགོ་རྩོམ་པར་འགན་སྲུང་བྱེད་དགོས།
གཉིས་ནས། སྤྱོད་བཟང་སྒྲིག་ནན་ལ་ཤུགས་བསྣན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་སློབ་སྦྱོང་དང་སློབ་གསོ་མཐར་ཕྱིན་བྱས་པའི་གྲུབ་འབྲས་དེ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་ནན་འགོག་བྱེད་དགོས་པ་དང་། སྒྲིག་འགལ་ངང་ཟ་འཐུང་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ། གཞུང་དངུལ་སྤྱད་ནས་ཡུལ་སྐོར་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྐྱོང་བྱེད་པ་དང་། སྐབས་བརྗེའི་དུས་ལ་སླེབས་སྐབས། སྒུག་ནས་བྱ་བ་མི་སྒྲུབ་པ་དང་། སྐབས་བརྗེ་རྗེས། འཕྲལ་ཕན་འཕྲལ་གཉེར་ངང་སྲིད་ཇུས་བེད་མེད་མང་པོ་སྤེལ་བ་དང་། སྲིད་སྐྱོང་བྱས་རྗེས་མངོན་བྱེད་ཀྱི་བཟོ་སྐྲུན་གཉེར་བ་སོགས་འབུར་དུ་ཐོན་པའི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་དང་བཅོས་སྐྱོང་བྱེད་དགོས་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
གསུམ་ནས། རྩ་ལག་མཉམ་བཅོས་ལ་ཤུགས་བསྣན་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་འཇུག་སྒོ་བེད་སྤྱོད་ལེགས་པོར་བྱེད་དགོས། མཐོ་གནོན་རྒྱུན་འཁྱོངས་བྱེད་པར་བརྟེན་ནས་རུལ་སུངས་བྱེད་མི་ཕོད་པར་ཤུགས་སྣོན་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྐྱོང་ཟབ་སྤེལ་བྱེད་དགོས། སྲིད་ཚོང་ངན་འབྲེལ་གྱི་གནད་དོན་ཞིབ་བཤེར་ནན་པོ་བྱེད་པ་དང་། རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་སྔོག་འདོན་གཏིང་ཟབ་བྱེད་དགོས། འགག་རྩའི་ཉུང་ཤས་དང་ན་གཞོན་ལས་བྱེད་པའི་རུལ་སུངས་གཙོ་གནད་དུ་བཟུང་ནས་ཞིབ་གཅོད་བྱེད་པ་དང་། ལྐོག་རྔན་སྤྲོད་ལེན་མཉམ་དུ་ཞིབ་བཤེར་ཟབ་སྤེལ་དང་། རྒྱལ་ཁོངས་བརྒལ་བའི་རུལ་སུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལྟ་སྐུལ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན་ནས་རུལ་སུངས་བྱེད་མི་ཐུབ་རྒྱུར་ཤུགས་སྣོན་པ་དང་། དབང་ཆ་སྤྲོད་པ་དང་དབང་ཆ་བེད་སྤྱོད། དབང་ཆ་ཚོད་འཛིན་བཅས་གཅིག་གྱུར་ཡོང་བ་དང་སྦ་གསང་མེད་པར་ཁུངས་འདེད་ཐུབ་པའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྤྱོད་གཙང་སློབ་གསོ་ཟབ་སྤེལ་གཏོང་བར་བརྟེན་ནས་རུལ་སུངས་བྱེད་མི་འདོད་པར་ཤུགས་སྣོན་པ་དང་། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་མཐར་ཕྱིན་བྱེད་དགོས། སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་བརྟེན་ནས་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་པ་དང་། རུལ་སུངས་འགོག་རྒོལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གྱོད་གཞིར་བརྟེན་ནས་དག་ཐེར་དང་བཅོས་སྐྱོང་བྱེད་ཤུགས་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། ཚན་རྩལ་ལ་བརྟེན་ནས་བྱེད་ནུས་བསྩོལ་བར་མཐོང་ཆེན་བྱེད་དགོས།
བཞི་ནས། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས། ཞིང་སྡེའི་ཐུན་མོང་གི་མ་རྩ་གསུམ་གྱི་དོ་དམ་དང་། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་དོ་དམ། རྒན་གསོའི་ཞབས་ཞུ་སོགས་རྒྱལ་ཡོངས་རང་བཞིན་གྱི་བཅོས་སྐྱོང་ཟབ་སྤེལ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་བྱ་བ་སྤེལ་བའི་བསམ་འཆར་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་དགོས།
ལྔ་ནས། ཆབ་སྲིད་ཀྱི་སྐོར་ཞིབ་ལ་ཤུགས་བསྣན་ནས་སྐོར་ཞིབ་ལྟ་སྐུལ་གྱི་ཟིལ་ཤུགས་དང་། བརྟོལ་ཤུགས། སྐུལ་ཤུགས་བཅས་ཇེ་ཆེ་རུ་གཏོང་དགོས། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པ་དང་རེས་སྐོར་བརྒྱད་པའི་སྐོར་ཞིབ་རྩ་འཛུགས་བྱས་ནས། སྐོར་ཞིབ་གོང་འོག་མཉམ་འགུལ་ཟབ་སྤེལ་དང་། སྐོར་ཞིབ་བྱ་ཡུལ་ཡིན་པའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་སྐོར་ཞིབ་དག་ཐེར་བྱ་བ་དམ་འཛིན་ལེགས་པོ་བྱེད་པར་གཅིག་གྱུར་འཆར་འགོད་ངང་ལྟ་སྐུལ་བྱེད་དགོས།
དྲུག་ནས། ཞུམ་མེད་དམག་དཔུང་གི་འདུ་ཤེས་ལ་ཤུགས་བསྣན་ནས་སྒྲིག་བཤེར་ལྟ་ཞིབ་བྱ་བའི་སྒྲིག་ལམ་ལྡན་པ་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཅན་གསུམ་འཛུགས་སྐྲུན་ལོའི་འགུལ་སྐྱོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དགོས་པ་དང་། ཆབ་སྲིད་སློབ་གསོ་དང་ཏང་གཤིས་སློབ་གསོ་འབུར་དུ་ཐོན་པར་བྱེད་པ། དངོས་འཐབ་དམག་སྦྱོང་དང་། ལག་ལེན་ལ་བརྟེན་ནས་སྦྱོང་བརྡར་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་ཚད་ལྡན་དུ་འགྱུར་བའི་འཛུགས་སྐྲུན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲོན་འོག་མུན་པ་མཐའ་གཅིག་ཏུ་འགོག་བཅོས་བྱས་ཏེ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ལྡན་པ། སྤྱོད་ཚུལ་ལེགས་པ། སྤྱོད་གཙང་ཐད་ཉམས་སད་ཐེག་ཐུབ་པ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་འཐབ་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པའི་སྐུལ་མ་བཏང་།