ཟླ1ཚེས13ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་། མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་གི་ཁེ་ལས་བཅུ་གསུམ། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་གཉིས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་གདན་ཞུ་བྱས་ཏེ། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་ཡར་བརྩོན་གྱི་མཉམ་ཤུགས་གཅིག་སྒྲིལ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཝང་ལི་མིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལུའི་ཀང་གིས་ཚོགས་འདུར་འགོ་འཛིན་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།
ཚོགས་འདུ་ལས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། དངུལ་རྩའི་ལས་ཁུངས་སོ་སོ་དང་ཁེ་ལས་ཀྱིས་ལས་འགན་འཁུར་ཞིང་འགག་སྒྲོལ་དཀའ་སེལ་བྱས་པ་དང་། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་གནད་འཁེལ་ནུས་ལྡན་གྱིས་རྒྱབ་སྐྱོར་བྱས་ཏེ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ཕན་འབྲས་མངོན་གསལ་བླངས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྨང་གཞི་སྲ་བརྟན་བཏིངས། དེ་དང་མཉམ་དུ་ཞིང་ཆེན་དམངས་ཆེན་གྱི་ཁྲིམས་འཛུགས་ལྟ་སྐུལ་འཐུས་མི་སོགས་ཀྱི་བྱ་བར་ཧུར་ཐག་གིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། དམངས་ཆེན་བྱ་བ་སྔར་ལས་དངོས་ཡོད་དང་མཐུན་ཞིང་། གཞི་རིམ་དུ་བཅར་བ། ཁེ་ལས་དང་ཐག་ཉེ་བར་བྱས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པས། དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལ་གཞི་འཛུགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་གོ་རིམ་ལ་གཞིགས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་ཚན་རྩལ་གསར་གཏོད་དང་ཚུལ་སྒྱུར་སྤུས་འདེགས་བྱེད་པ། སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་ཁྲོམ་རའི་དགོས་མཁོ་གཉིས་རང་འགུལ་གྱིས་སྦྲེལ་མཐུད་བྱེད་པ། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་ཟབ་ཞུགས་བྱེད་པ། འབྲེལ་འདྲིས་མཉམ་འགུལ་ལ་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་པ་དང་། ནུས་ཤུགས་ཡོད་རྒུས་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཀོད་འགན་ནུས་ལ་རྐང་བཙུགས་ནས། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཀྱིས་ཁྲིམས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། གནད་འཁེལ་ཅན་གྱི་ལྟ་སྐུལ་གྱིས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཁེ་ལས་ཀྱི་ཁྲིམས་མཐུན་རེ་འདུན་དང་བསམ་འཆར་གྲོས་གཞི་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་འགན་སྲུང་བྱས་ཏེ། འདྲ་མཉམ་བརྟན་འཇགས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་རོགས་ཤུགས་འདོན་དགོས།