ཟླ1ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སློབ་གྲྭ་ཆུང་འབྲིང་སྔ་གཞུག་ཏུ་དགུན་གནང་གཏོང་བའི་དུས་ལ་བསླེབས། དགུན་གནང་གི་ལས་ཀ་ཁག་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། རྒྱ་ཆེའི་དགེ་སློབ་ཡོངས་ཀྱིས་བདེ་འཇགས་ཡིན་ལ་ཕུན་སུམ་ཚོགས་པའི་དགུན་གནང་སྐྱིད་པོ་ཞིག་རོལ་བར་འགན་སྲུང་བྱ་ཆེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་བདེ་འཇགས་སློབ་གསོ་དམིགས་སུ་བཟུང་ནས་དགུན་གནང་གི་འཚོ་བར་སློབ་སྟོན་དང་སློབ་ཕྱིའི་ཟབ་སྦྱོང་ཚད་ལྡན་ལ་སོགས་ཕྱོགས་ནས་བརྡ་ཐོ་བཏང་སྟེ་བཀོད་སྒྲིག་ཞིབ་ཕྲ་བྱས་འདུག
བརྡ་ཐོའི་ནང་དུ། ས་གནས་སོ་སོའི་སློབ་གྲྭ་ཁག་གིས་དགུན་གནང་མ་བཏང་ཡར་སྔོན་ལ་མེ་ཟོན་བདེ་འཇགས་དང་། བགྲོད་ལམ་འགྲིམ་འགྲུལ་ཀྱི་བདེ་འཇགས། ཤོག་སྤག་གི་བདེ་འཇགས་ལ་སོགས་ནས་སློབ་མ་རྣམས་གཅིག་ཏུ་བསྡུས་ནས་ཆེད་དོན་སློབ་གསོ་གཏང་དགོས་པ་མ་ཟད། འབྲེལ་ཡོད་ལས་ཁུངས་བར་མཉམ་འབྲེལ་བྱས་ནས་སློབ་རའི་བརྙས་བཅོས་དང་བཙན་གནོད་སྔོན་འགོག ཁྲིམས་སྐྱོང་། སེམས་ཁམས་བདེ་ཐང་བཅས་ཀྱི་ཐད་ནས་སློབ་གསོ་གཏང་དགོས། དེ་དང་ཆབས་ཅིག་ཏུ་སློབ་རའི་བདེ་འཇགས་ཐད་ཀྱི་མི་མངོན་ཉེན་ཁར་སྒྲིག་འཛུགས་ཐོག་གྲལ་བཤེར་བྱ་དགོས་པ་མ་ཟད། ཁྱིམ་བདག་གི་ཚོགས་འདུ་དང་ཡང་ན་ཁྱིམ་བདག་ལ་འཕྲིན་ཡིག་བསྐུར་བ་སོགས་ཀྱི་ལམ་ནས་ཁྱིམ་བདག་དང་སློབ་གྲྭ་གཉིས་ཀའི་མཉམ་འབྲེལ་ལ་ཤུགས་བསྣན་ནས་ཁྱིམ་བདག་གི་ལྟ་རྟོག་འགན་འཁུར་གསལ་འབེབས་བྱ་དགོས།
སློབ་མའི་དགུན་གནང་གི་སྦྱངས་གཞིའི་ཁུར་བོ་ཇེ་ཡང་དུ་གཏང་ཆེད། ལས་བྱ་ཚན་རིག་དང་མཐུན་པའི་སྒོ་ནས་རིམ་པ་བཞིན་བགོས་ཏེ། སྤྱིའི་གྲངས་འབོར་ཚོད་འཛིན་བྱ་དགོས་པ་དང་། འགུལ་སྐྱོད་རང་བཞིན་དང་། ལག་ལེན་རང་བཞིན། འཚོལ་ཞིབ་རང་བཞིན་གྱི་ལས་བྱ་བགོ་བར་ཡར་སྐུལ་བྱ་དགོས། སློབ་མས་ངལ་གསོ་དུས་ཚོད་བཀོད་སྒྲིག་ལུགས་མཐུན་དང་། ལུས་ཕུང་སྦྱོང་བརྡར་ལ་ཤུགས་སྣོན། ཁྱིམ་ལས་ངལ་རྩོལ་ལ་ཞུགས་པ། བདེ་འཇགས་འགན་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག་སྤྱི་ཚོགས་ལག་ལེན་དང་སྡོད་ཁུལ་གྱི་དང་ལེན་ཞབས་ཞུ་ལ་ཞུགས་པ་བཅས་ལ་ཁྲིད་སྟོན་བྱ་དགོས། སློབ་གྲྭ་ཆུང་འབྲིང་གིས་དགེ་རྒན་ཡོངས་ཀྱིས་མི་བུ་སྐྱེད་སྲིང་ཁྲིད་སྟོན་གྱི་འགན་ཁུར་བའི་ལམ་ལུགས་མུ་མཐུད་དུ་ལག་བསྟར་བྱས་ཏེ། དགུན་གནང་གི་སྐབས་སུ་དགེ་རྒན་སྒྲིག་འཛུགས་བརྒྱུད་དེ་སློབ་མའི་ཁྱིམ་ཚང་དུ་བཅར་འདྲི་དང་། སྐུད་ལམ་ནས་འབྲེལ་འདྲིས་ལ་སོགས་བྱེད་ཐབས་བརྒྱུད་དེ་ཁྱིམ་བདག་དང་སློབ་གྲྭའི་འབྲེལ་བ་འཛིན་པ་དང་། དགེ་རྒན་གྱིས་དྲ་ཐོག་ཏུ་སློབ་མའི་སློབ་སྦྱོང་དང་གནད་གྲོལ་བ་སོགས་པའི་དྲི་བར་ཁྲིད་སྟོན་བྱ་དགོས།
དགུན་གནང་གི་སྐབས་ལ། ས་གནས་སོ་སོས་ཞིབ་གཅོད་ལ་ཤུགས་བསྣན་ཏེ། སློབ་ཕྱིའི་ཟབ་སྦྱོང་ལས་ཁུངས་ཀྱིས་བསླབ་ཚན་རིགས་ཀྱི་ཟབ་སྦྱོང་སྒྲིག་འགལ་ངང་སྤེལ་བར་གཏན་འགོག་བྱ་རྒྱུ། སློབ་གྲྭས་ཁྱིམ་བདག་རྣམས་ཀྱིས“གཉིས་འཕྲི”སྲིད་ཇུས་ལ་ཤེས་རྟོགས་བྱས་ནས་རྒྱབ་སྐྱོར་དང་། ཚན་རིག་དང་མཐུན་པའི་སློབ་གསོའི་ལྟ་བ་བཞེངས་བསྐྲུན། སློབ་ཕྱིའི་གསོ་སྦྱོང་ལ་ཚུལ་མཐུན་གྱིས་ལྟ་བར་ཁྲིད་སྟོན་བྱ་དགོས། དེ་མཚུངས་སུ། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་བསྟན་ཏེ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱིས་རིན་དོད་ཁྱིམ་ཚང་གི་དགེ་རྒན་བྱེད་མི་ཆོག་པ་དང་། ལྟ་རྟོག་གི་ཞུ་གཏུག་ཁ་པར་ཡོངས་བསྒྲགས་བྱས་ནས་སྒྲིག་འགལ་བྱ་སྤྱོད་ལ་རྩོད་གཅོད་ནན་མོ་བྱ་རྒྱུ་ཞེས་བསྟན་ཡོད་དོ། །