ཞིང་ཆེན་དམག་ཁུལ་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས12ཉིན་ནས་ཚེས13ཉིན་བར་མཚོ་སྔོན་ཞིང་ཆེན་དམག་ཁུལ་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། 2025ལོར་ཞིང་ཆེན་དམག་ཁུལ་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། དམག་དོན་ཨུ་ལྷན་གྱི་རྒྱལ་སྲུང་སྐུལ་སློང་པུའུ་དང་ནུབ་རྒྱུད་དམག་ཁུལ་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་གི་ནུས་པ་ཆེ་རུ་གཏོང་བར་དམ་འཛིན་ཆེན་པོ་བྱས་ཏེ། རྒྱལ་སྲུང་སྐུལ་སློང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། 

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་ལ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་པའི་འགག་རྩའི་ལོ་ཞིག་ཡིན། ཞིང་ཆེན་དམག་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ནས་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས། དུས་རབས་གསར་པའི་ཆབ་སྲིད་དམག་འཛུགས་བླང་བྱ་དེ་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། དཔོན་དམག་གི་སེམས་ཤུགས་ཡོད་ཚད་དམག་འཐབ་གྲ་སྒྲིག་དང་འགག་སྒྲོལ་རྒྱལ་ཁའི་ཕྱོགས་སུ་བཀོལ་བར་སློབ་གསོ་དང་སྐུལ་མ་གཏོང་དགོས། ཏང་ཨུས་འགོ་ཁྲིད་ནས་དམག་འཐབ་བྱེད་པར་ཤུགས་སྣོན་པ་དང་། དམག་འཐབ་རྨང་གཞི་སྲ་བརྟན་དུ་གཏོང་བ། མཉམ་འདྲེས་ཚོང་རྟགས་བསྐྲུན་པ་བཅས་ལ་དམིགས་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་བྱེད་པ་དང་། དམག་ཁུལ་དང་ས་གནས་ཀྱི་ཐོན་ཁུངས་དགེ་མཚན་གཅིག་གྱུར་གྱིས་བེད་སྤྱོད་ལེགས་པོ་བྱས་ཏེ། དམག་འཐབ་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཨུའི་ཚན་ཁག་རང་སྟེང་གི་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཏང་གི་རྩ་འཛུགས་མ་ལག་ཇེ་བརྟན་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བ། ཏང་གི་འཛུགས་སྐྱོང་བྱ་བའི་སྤུས་ཚད་བསྟུད་མར་མཐོར་འདེགས་བཏང་སྟེ། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་དངོས་སུ་རྒྱལ་ཁ་ལེན་པའི་དགེ་མཚན་དུ་བསྒྱུར་བ་དང་། ཞིང་ཆེན་དམག་ཁུལ་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་གཏོད་དགོས།

ཝུའུ་ཞའོ་ཅུན་གྱིས་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་དམག་དཔུང་གི་བྱ་བ་དེ་རང་གི་ལས་འགན་དང་བསྒྲུབ་དགོས་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ལས་འགན་དང་བསྟུན་ནས་རྒྱལ་སྲུང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། དམག་དཔུང་ལ་བརྩི་བཀུར་བྱས་ནས་མངའ་ཁོངས་ལ་ལེགས་སྐྱོང་བྱ་རྒྱུ་དམ་འཛིན་བྱས་ཏེ། དམག་དཔུང་དང་ས་གནས་ཀྱིས་གཞོགས་འདེགས་བྱས་ནས་ཞིང་ཆེན་ནང་ཁུལ་གྱི་རིག་གནས་ཐོན་ཁུངས་དམར་པོ་སྔོག་འདོན་དང་། སྡེབ་སྒྲིག བེད་སྤྱོད་གང་ལེགས་བྱས་ཏེ། རྒྱལ་སྲུང་སློབ་གསོའི་དུས་རབས་རང་བཞིན་གྱི་འགུག་ཤུགས་ཆེ་རུ་གཏོང་བ། དམག་སྲིད་དམག་དམངས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། གཉིས་སྐྱོར་ཐུན་མོང་འཛུགས་སྐྲུན་གྱི་རྣམ་པ་གསར་རྐྱང་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དམག་སྤྱི་ལི་ཧྲིན་ལིས་ཞིང་ཆེན་དམག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་བྱ་བའི་སྙན་ཞུ་གནང་། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཝང་ཧྲུའུ་ཆན་དང་ཆབ་སྲིད་ཨུ་ཡོན་གཞོན་པ་ཀའོ་ཀྲི་ཁྲའོ་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་ཐོག་ཞིང་ཆེན་དམག་ཁུལ་གྱི2025ལོའི་ལོ་འཁོར་གྱི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།