ཟླ1པོའི་ཚེས13ཉིན། ཞིང་ཆེན་སྲིད་གཞུང་དང་རོན་ཐུང་སྒུལ་ཤུགས་ཆ་འཕྲིན་ལག་རྩལ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སིས་ཟི་ལིང་དུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆོད་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་རོན་ཐུང་སྒུལ་ཤུགས་ཀྱི་རྐང་གཉེར་དབུ་གཙོའམ་དབུ་བཞུགས་ལག་བསྟར་དཔོན་ལིའུ་ཐེན་ཝུན་སོགས་ཀྱིས་བཞུགས་མོལ་བྱས་པར་མ་ཟད་མཆན་བཀོད་བདེན་དཔང་བྱས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལིའུ་ཐེན་ཝུན་སོགས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པའི་སྒང་ཡིན་ལ། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་གྱི་འཐབ་ཇུས་གོ་སྐབས་དམ་འཛིན་དང་། གཞི་གྲངས་བྱེད་ནུས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། མུ་མཐུད་གཞི་གྲངས་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་ཇེ་ཆེར་བཏང་ནས། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཐད་འགྲན་ལམ་གསར་པ་བཏོད་ཡོད། ཕྱོགས་གཉིས་ཀྱིས་ཐེངས་འདིར་གྲོས་ཆོད་བཞག་པ་གོ་སྐབས་སུ་བརྩིས་ཏེ། རོན་ཐུང་སྒུལ་ཤུགས་ལས་རིགས་དང་ལག་རྩལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་ཐབས་རིག་ནུས་སྒུལ་ནུས་དང་གཞི་གྲངས་ནུས་ཁུངས་གསར་གཏོད། སྒྲིག་ཆས་ཐོན་སྐྱེད་བཟོ་སྐྲུན། ཐབས་མཁས་རིག་གནས་ཡུལ་སྐོར་དྲིལ་སྒྲོག་སོགས་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དགོས་ཤིང་། གཞི་གྲངས་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱས་པར་བརྟེན་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཐད་བྱེད་ནུས་འདོན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བསྐྱེད་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ནུས་དྲག་པོ་སྣོན་རྒྱུའི་རེ་བ་ཡོད།
ལིའུ་ཐེན་ཝུན་གྱིས་ཁེ་ལས་ཀྱི་འཕེལ་རྒྱས་དང་མ་འོངས་པའི་འཆར་གཞིའི་གནས་ཚུལ་མཚམས་སྦྱོར་བྱས་ལ། བློ་བརྟན་འགྱུར་མེད་སྒོས་མཚོ་སྔོན་གྱི་ཐོན་ལས་རིམ་སྤོར་དང་གཞི་གྲངས་ཚུལ་སྒྱུར་ཁྲོད་འདྲེས་པར་བྱས་ཏེ། མཚོ་སྔོན་དུ་ཡོད་པའི་ཐོན་ལས་ཀྱི་བཀོད་པ་དང་ལས་གཞི་དོན་འཁྱོལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གྲངས་ཐབས་མཁས་ཀྱི་ལག་རྩལ་མྱུར་དུ་བེད་སྤྱོད་བཏང་བར་བརྟེན་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་ཐད་ཕན་ཐོགས་པར་བྱས་ནས། གཞི་གྲངས་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། རོན་ཐུང་སྒུལ་ཤུགས་ཀུང་སིའི་མཐོ་རིམ་སྤྱི་གཉེར་བ་གཞོན་པ་ལིའུ་དབྱི་ཡིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་མཐུན་བཀོད།