2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་འགོ་རྩོམ་པའི་ལོ་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐབས་ལམ་དུ་བཟུང་ནས། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བདེ་འཇགས་ཚོད་འཛིན་ཐུབ་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱ་དགོས། ལིས་ལི་ཁྲིན་གྱིས་ལག་རྩལ་གལ་ཆེན་བཅོས་བསྒྱུར་རིམ་འཕར་བཟོ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། འདུས་གྲུབ་གློག་ལམ་དང་། རྒྱུ་ཆ་གསར་པ། མཁའ་འགྲུལ་གནམ་གྲུ་སོགས་གསར་དར་གཙོ་རྟེན་ཐོན་ལས་བསྐྲུན་ནས་སྐྱེ་དངོས་བཟོ་སྐྲུན་དང་། གཟུགས་ལྡན་རིག་ནུས། རབ་དྲུག་པ་སོགས་དཔལ་འབྱོར་གྱི་འཕར་གནས་གསར་པར་འགྱུར་བར་སྐུལ་འདེད་གཏོང་དགོས་པ་བསྟན།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིས་ལི་ཁྲིན་གྱིས་བཤད་རྒྱུར། ང་ཚོས་སྲོལ་རྒྱུན་ཐོན་ལས་གསར་སྒྱུར་གྱི་འགུལ་སྐྱོད་ལག་བསྟར་བྱས་ནས་བཙོ་སྦྱང་དང་། རྫས་འགྱུར་བཟོ་ལས། འཁེལ་འཐག འཕྲུལ་ཆས། གྲུ་གཟིངས་སོགས་ཀྱི་ཁྱབ་ཁོངས་ལ་གཞིགས་ཏེ། ལས་རིགས་དགར་ནས་ཞིབ་འཇུག་བསྒྱུར་བཀོད་དང་མཐོར་འདེགས་ཀྱི་ཇུས་གཞི་བཟོ་བ། མི་ཐབས་རིག་ནུས་དང་འགུལ་སྐྱོད་ཟུང་འབྲེལ་ལག་བསྟར་བྱས་ནས། རིག་ནུས་བཟོ་སྐྲུན་དང་ལྗང་མདོག་བཟོ་སྐྲུན་འཕེལ་རྒྱས་གཏོང་བ་དང་། ཐཱན་མེད་པའི་བཟོ་གྲྭ་དང་ཐཱན་མེད་པའི་གླིང་ཁུལ་ཁག་ཅིག་འཚོལ་ཞིབ་བྱས་ནས་ང་ཚོའི་སྲོལ་རྒྱུན་ཐོན་ལས་ཀྱི་སྡོང་རྙིང་ལ་ཡལ་འདབ་གསར་པ་རྒྱས་སུ་འཇུག་རྒྱུ་ཡིན་ཟེར།
ལིས་ལི་ཁྲིན་གྱིས་བཤད་རྒྱུར། གཙོ་གནད་ལས་རིགས་དང་ས་ཁུལ་བཟོ་ལས་འཕར་ཐང་གིས་བཟོ་ལས་སྤྱི་འབོར་གྱི་80%ཟིན་ཡོད་པ་དེ་ནི་བཟོ་ལས་དཔལ་འབྱོར་ཀྱི་གཞི་རྩ་ཡིན།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིས་ལི་ཁྲིན་གྱིས་བཤད་རྒྱུར། གཙོ་གནད་ལས་རིགས་དང་གཙོ་གནད་ས་ཁུལ་གྱི་འཕར་ཚད་བརྟན་པོར་གཏོང་དགོས། ང་ཚོས་གཙོ་གནད་ལས་རིགས་ཀྱི་གཞི་ཁྱོན་ཆེ་བ་དང་། ཐོན་ལས་མུ་ཕྲེང་རིང་བ། སྐུལ་ཁྲིད་སྟོབས་ལྡན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རེས་སྐོར་གསར་པའི་གཙོ་གནད་ལས་རིགས་ཆེན་པོ་བཅུ་བརྟན་བརླིང་ངང་འཕར་བའི་བྱ་བའི་ཇུས་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཡིན་ཟེར།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གྲོས་གཞི་ལས“བཟོ་སྐྲུན་ལས་རིགས་ཀྱི་གཞི་གྲངས་རིག་ནུས་ཅན་གྱི་རིགས་སྒྱུར་ལ་སྐུལ་འདེད་གཏོང་དགོས”པ་ནན་གྱིས་བསྟན་ཡོད། མིག་སྔར། རང་རྒྱལ་གྱིས་བསྡོམས་པའི་སྔོན་ཐོན་གྱི་རིམ་པ7000ལྷག་དང་ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ500ལྷག་བསྐྲུན་ཡོད། བཟོ་ལས་སྦྲེལ་དྲ་ཉེར་སྤྱོད་ཁྲོད་བཟོ་ལས་རིགས་ཆེན་པོ41ལ་ཁྱབ་པ་མངོན་འགྱུར་བྱས་ཡོད། རྒྱལ་ཡོངས་ཀྱི་རབ་ལྔ་པའི་བཟོ་གྲྭ8000ལས་བརྒལ་བ་ཡོད་པ་དང་། གཙོ་གནད་བཟོ་ལས་སྦྲེལ་དྲའི་སྟེགས་བུའི་སྒྲིག་ཆས་སྦྲེལ་མཐུད་གྲངས་འབོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དྲུག་ལས་བརྒལ་ཡོད་པས། བཟོ་ལས་འཕར་ཐང་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་ལྔ་ལ་སྐུལ་ཁྲིད་བྱས་ཡོད། གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་ཆུ་ཚད་ལྡན་པའི་རབ་ལྔའི་བཟོ་གྲྭ་བརྒྱ་ཡི་འཁོར་སྐྱོད་མ་རྩ19%ཡིས་ཇེ་དམའ་རུ་སོང་ཡོད།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིས་ལི་ཁྲིན་གྱིས་བཤད་རྒྱུར། ང་ཚོས་བཟོ་ལས་ཀྱི་གཞི་གྲངས་རྨང་གཞི་འཛུགས་པའི་འགུལ་སྐྱོད་སྤེལ་འགོ་བརྩམས་ནས། གཙོ་གནད་བཟོ་སྐྲུན་ལས་རིགས་ལ་གཞིགས་ཏེ། གཞི་གྲངས་བསྡུ་ལེན་དང་། བསྡུ་སྒྲིག བེད་སྤྱོད་གཙོར་འཛིན་པ། སྤུས་ཚད་མཐོ་བའི་ལས་རིགས་ཀྱི་གཞི་གྲངས་ཕྱོགས་བསྡུས་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ། གཞི་གྲངས་བློ་འདྲི་དང་གཞི་གྲངས་ཟུར་མཆན་སོགས་གཉེར་སྐྱོང་སྟོབས་ལྡན་དུ་གཏོང་རྒྱུ་ཡིན། གཞན་ཡང་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་གྱི་ཚུལ་སྒྱུར་ཇེ་མགྱོགས་སུ་བཏང་སྟེ། གཞི་ཁྱོན་ཡན་ཀྱི་ཁེ་ལས་བསྒྱུར་དགོས་པ་ཚང་མ་བསྒྱུར་བར་སྐུལ་འདེད་དང་། ཕྱོགས་ཡོངས་ནས་གྲངས་འཛིན་ཅན་གྱི་འཕེལ་རིམ་ལ་ཟབ་ཞུགས་བྱས་ནས། སྒྲིག་ཆས་རིམ་འཕར་དང་བཟོ་རྩལ་རིམ་འཕར། སྤུས་ཚད་མཐོ་འདེགས་བཅས་བྱ་དགོས།