ཟླ1ཚེས12ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་སྟེང《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་བཀོལ་མཚམས་འཇོག་པའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེའི་ཁྲོད་ཀྱི《མཚོ་སྔོན་ཞིང་ཆེན་གྱི་སྡེ་ལས་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་གལ་ཆེན་བྱས་ནས། སྔར་གྱི་སྲོལ་ཡིག་ཁྲོད་ཀྱི་ལས་བདག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་ཞུགས་ཐོབ་ཐང་སྐོར་གྱི་ཚད་བཀག་རང་བཞིན་གྱི་གཏན་འབེབས་མེད་པར་བཟོས།
རྒྱུས་ལོན་པ་ལྟར་ན། སྔར་གྱི《མཚོ་སྔོན་ཞིང་ཆེན་གྱི་སྡེ་ལས་དོ་དམ་སྲོལ་ཡིག》དོན་ཚན་སོ་གཉིས་པ་བཟོ་བཅོས་བྱས་ནས་མེད་པར་བཟོས། དོན་ཚན་དེས་ལས་བདག་ལས་བདག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་འདེམས་ཞུགས་བྱེད་པར་ལས་བདག་གི་འོས་འགན་ལག་བསྟར་དང་མི་སྒེར་གྱི་རིག་གནས་ཆུ་ཚད་ངེས་ཅན་དགོས་པ་སོགས་ཀྱི་ཆ་རྐྱེན་མང་པོ་གཏན་འཁེལ་བྱས། ཞིབ་བཤེར་བྱས་པ་བརྒྱུད། ལས་བདག་ཨུ་ཡོན་ལྷན་ཁང་ནི་ལས་བདག་གི་རང་སྐྱོང་རྩ་འཛུགས་ཡིན་ལ། དེའི་འདེམས་ཞུགས་ཐོབ་ཐང་ནི་ལས་བདག་གི་ཐོབ་ཐང་རྨང་གཞིར་བྱེད་དགོས། སྔོན་ཆད་སྡེ་ལས་ཞབས་ཞུའི་གན་རྒྱ་ལག་བསྟར་གནས་ཚུལ་དང་ལས་བདག་གི་དངོས་དབང་ལས་བྱུང་བའི་ཐུན་མོང་དོ་དམ་དབང་ཆ་གཉིས་འབྲེལ་བ་མེད་པར་གཏན་འབེབས་བྱས་པ་དང་། དངོས་དབང་འབྲེལ་བ་དང་གན་རྒྱའི་འབྲེལ་བ་རྙོག་བཟོ་བྱས་པར་བརྟེན། དམངས་དོན་ཁྲིམས་གཞུང་ལས་གཏན་འབེབས་བྱས་པའི་རྩ་དོན་དང་དགོངས་དོན་དང་མི་འཚམ་ཞིང་། ས་གནས་ཀྱི་ཁྲིམས་འཛུགས་དབང་ཚད་ལས་བརྒལ་ཡོད།
དེའི་སྔོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞུ་ཚགས་ཞིབ་བཤེར་ཁྲོད་ཚད་བཀག་རང་བཞིན་གྱི་གཏན་འབེབས་ལ་ཡོ་བསྲང་བྱེད་དགོས་པ་གསལ་བོར་བསྟན། དོན་ཚན་སོ་གཉིས་པ་མེད་པར་བཟོ་བ་ནི་ལས་བདག་གི་ཁྲིམས་མཐུན་དངོས་དབང་ལ་འགན་སྲུང་བྱས་པ་ཞིག་ཡིན། ལས་བདག་གིས་སྡེ་ལས་ཞབས་ཞུའི་འགྲོ་སོང་དུས་ལྟར་སྤྲད་མེད་ཚེ་དམངས་དོན་ཁྲིམས་འགལ་བྱ་སྤྱོད་དུ་གཏོགས་པས། དེ་ལས་བདག་གི་དབང་ཆ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་དུ་བརྩི་མི་རུང་། ལས་བདག་ཁྲིམས་ལྟར་འདྲ་མཉམ་གྱིས་སྡེ་ཁུལ་གྱི་སྤྱི་བའི་དོ་དམ་ལ་ཞུགས་པའི་དབང་ཆར་འགན་སྲུང་བྱས་པས། ལས་བདག་གིས་རང་སྐྱོང་བྱེད་པའི་རྒྱ་ཆེའི་རང་བཞིན་དང་འཐུས་ཚབ་རང་བཞིན་ཇེ་དྲག་ཏུ་གཏོང་བར་ཕན་པར་མ་ཟད། གཞི་རིམ་སྡེ་ཁུལ་བཅོས་སྐྱོང་གི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྒྱུས་ལོན་པ་ལྟར་ན། བཟོ་བཅོས་ཆོད་དོན་ཡོངས་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱེད་དགོས། བཟོ་བཅོས་བྱས་རྗེས་ཀྱི《མཚོ་སྔོན་ཞིང་ཆེན་གྱི་སྡེ་ལས་དོ་དམ་སྲོལ་ཡིག》ལ་དེར་བསྟུན་གྱི་ལེགས་སྒྲིག་བྱེད་རྒྱུ་མ་ཟད་བསྐྱར་དུ་ཡོངས་བསྒྲགས་བྱ་རྒྱུ་རེད།