མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དགུན་དུས་ཀྱི་ཞོགས་པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་སྨུག་པ་ད་དུང་ཡལ་མེད་ནང་ཡང་། འབྲི་སྟོད་ཨ་མཁར་བོད་སྨན་རྒྱུད་འཛིན་རྟེན་གཞིའི་སྒོ་སྔ་མོ་ནས་ཕྱེ་འདུག།

ཞེང་ཚད་སྨི་གཅིག་ཡོད་པའི་སྒྲོག་ཙེ་མདུན་དུ་བོད་ལྭ་གྱོན་པའི་ནད་པས་གྲལ་རིང་པོ་བསྒྲིགས་ཡོད་ཅིང་། དེར་རྫོང་དེའི་མཐའ་འཁོར་ནས་ཡོང་བའི་འབྲོག་པ་ཡོད་པ་མ་ཟད། ཡུལ་གཞན་གྱི་ཡུལ་མི་ཡང་ཡོད་དེ། མང་ཆེ་བ་ཨ་མདོ་སོགས་བོད་ཀྱི་ས་ཁུལ་མང་པོ་ནས་སྤྱི་ལེ་བརྒྱ་ཁྲག་ལྷག་ལ་རླངས་འཁོར་བསྐོར་ནས་སྨན་པ་བུ་རྒྱུད་བསོད་ནམས་ཀུན་མཁྱེན་གྱི་མདུན་དུ་སྨན་བཅོས་བྱེད་དུ་ཡོང་བ་རེད།
སྨན་བཅོས་ཁང་ནང་དུ་ཤིང་གི་རྐུབ་སྟེགས་ཤིག་ལས་མེད་ཀྱང་། གྱང་ངོ་ཡོངས་སུ་དར་ཆ་ཡིས་ཁེབས་འདུག་ལ། སྨན་ཁང་ནང་དུ་སྨན་སྒམ་ལས་འཕྱུར་བའི་རྩྭ་སྨན་གྱི་དྲི་ཞིམ་གྱིས་ཁེངས་འདུག འདི་ལས་བོད་སྨན་གྱི་སྨན་བཅོས་ལག་རྩལ་གྱི་ཆེས་བབ་ཆགས་པའི་དྲོད་ཚད་སྦས་ཡོད།
བསོད་ནམས་ཀུན་མཁྱེན་ནི1981ལོར་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོའི་བོད་སྨན་སྨན་རྒྱུད་འཛིན་པའི་ཁྱིམ་ཚང་དུ་སྐྱེས་ཤིང་། ལོ15སྟེང་ཨ་ཕའི་རྗེས་འབྲངས་ནས་ཨ་མཁར་བོད་སྨན་གྱི་སྐབས་བཅུ་གསུམ་པའི་རྒྱུན་འཛིན་པར་གྱུར་པ་རེད།
"ཆུང་དུས་ཨ་ཕ་དང་མཉམ་དུ་གྲོང་ཚོ་དང་ཁྱིམ་ཚང་དུ་ནད་ལ་བརྟག་ཏུ་སོང་བ་དང་། སྨན་སྒམ་ནང་དུ་མེས་པོ་རྣམས་ཀྱིས་བརྒྱུད་སྤྲོད་བྱས་པའི་སྨན་ཐོ་དང་རྩྭ་སྨན་ཡོད་ཅིང་། གང་དུ་དགོས་མཁོ་ཡོད་ན་ང་ཚོ་དེ་རུ་འགྲོ་དགོས་ཟེར། ཁོས་ཕྱིར་དྲན་བྱེད་སྐབས། ཡ་ཐོད་གྱི་རྔུལ་ཆུ་ཕྱིས་པ་ན། ལག་མཐུལ་དུ་ཆགས་པའི་ཤ་དྲེག་ལས་སྨན་དྲི་མཆེད་ཡོང་། “ད་ལྟ་རྫོང་གི་ཆ་རྐྱེན་ཇེ་བཟང་དུ་སོང་ཡོད་མོད། འོན་ཀྱང་བོད་སྨན་གྱི་རྩ་བ་ཤོར་མི་རུང་། རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་གཞག་ནི་མེས་པོ་རྣམས་ཀྱིས་འཚོ་བའི་ཁྲོད་བསགས་པའི་གནས་ལུགས་ཤིག་ཡིན། དེ་ནི་རྩྭ་ཐང་ཉི་འོད་དང་ཆར་ཆུ་ལ་ཁ་འབྲལ་ཐབས་མེད་པ་དང་འདྲ་བར། མི་ལུས་ཀྱང་རྒྱུ་རྐྱེན་ཆེན་པོ་གསུམ་ལ་བརྟེན་ནས་འཆམ་མཐུན་མཉམ་གནས་བྱེད་དགོས་ཟེར། "

བསོད་ནམ་ཀུན་མཁྱེན་གྱིས་བཀྲ་ཤིས་དབང་རྒྱལ་ལ་སྨན་རྩྭ་བརྡལ་བར་མཛུབ་སྟོན་བྱེད་པ།
འབྲི་སྟོད་རྫོང་དུ་མིང་གྲགས་ཆེ་བའི་སྨན་པ་བསོད་ནམས་ཀུན་མཁྱེན་གྱི་སྨན་ཁང་ལ་དུས་ནམ་ཡང་ཁོམ་ལོང་མེད། ན་གོར་མོ་ནས་ཡོང་བའི་ནད་པ་ཞིག་གིས་བཤད་རྒྱུར། སྔོན་ཆད་ས་ཆ་གཞན་དུ་ཡུན་རིང་ལ་སྨན་བཅོས་བྱས་ཤིང་ཕན་ཐོགས་མ་བྱུང་། ད་ཐེངས་རླངས་འཁོར་སྐོར་ནས་ཆུ་ཚོད་བཞི་ལྷག་གི་ལམ་ཐག་བརྒྱུད་ནས་སྨན་པ་བསོད་ནམས་ཀུན་མཁྱེན་གྱི་སྨན་ཁང་དུ་ཡོང་བ་ཡིན་ལ། ཕན་མ་ཆེན་པོ་ཐོན་ཡོད་ཟེར།
མཐོ་སྒང་གི་འབྲོག་ཁུལ་དུ་རྒྱུན་དུ་མཐོང་བའི་གྲུམ་བུ་རང་བཞིན་གྱི་ཚིགས་ནད་དང་། མཆིན་ཚད་སྲ་འགྱུར་སོགས་ཀྱི་ནད་རིགས་གསོ་བཅོས་ཀྱི་ཉམས་མྱོང་ཐུན་མོང་མ་ཡིན་པ་ཞིག་བསོད་ནམས་ཀུན་མཁྱེན་ཡོད་པ་སྟེ། སྨན་སྒམ་ནང་དུ་གྲལ་འགྲིག་ནས་བཞག་པའི་སྡུད་མེ་ཚ་སྦྱར་དང་བོད་སྨན་ཚང་མ་ཁོང་གིས《གསོ་རིག་གཞུང་ལུགས》ཀྱི་རིགས་པའི་གཞུང་ལུགས་གཞིར་བཟུང་བ་དང་། རང་ས་གནས་ཀྱི་སྨན་རྩྭ་དང་ཟུང་འབྲེལ་བྱས་ནས་ཞིབ་བཟོ་བྱས་པ་རེད། ཐུན་མིན་གསར་གཏོད་བྱས་པའི“ཨ་མཁར་དྷརྨ་ར་ཛཱ”ནི་མཐོ་སྒང་གི་དམིགས་བསལ་སྨན་རྩྭ70ལྷག་རྡུང་བ་དང་། གདུ་བ། སྐམ་པ། དུག་སེལ། བཙོ་སྦྱངས་ལ་སོགས་ལས་རིམ་མང་པོ་བརྒྱུད་དེ་བཟོས་པ་ཞིག་ཡིན་པས། ཕན་ནུས་སྔ་མོ་ནས་ལེ་དབར་བརྒྱ་ཕྲག་ཏུ་ཁྱབ་ཡོད་པ་རེད།
དགེ་ཕྲུག་བཀྲ་ཤིས་དབང་རྒྱལ་གྱིས་བཤད་རྒྱུར། དགེ་རྒན་གྱི་སློབ་ཁྲིད་ནི་ཧ་ཅང་ཞིབ་ཕྲ་ཡིན་པ་སྟེ། སྨན་ངོས་འཛིན་བྱེད་པར་རི་མོ་ལ་རེག་པ་དང་དྲི་མར་སྣུམ་དགོས་ཤིང་། སྨན་གདུ་བར་མེ་ལ་ཚོད་འཛིན་བྱེད་དགོས། ཐ་ན་རྩ་ལ་བརྟག་པའི་ཤུགས་ཚད་ཀྱང་ཡང་ཡང་དུ་སྦྱོང་བརྡར་བྱེད་དགོས་ཟེར། ཁོས་རྒྱུན་ཏུ་བཤད་རྒྱུར། བོད་སྨན་ནི་འཚོ་བ་སྐྱེལ་བའི་ལག་རྩལ་ཞིག་མིན་པར་ཡུལ་མི་ཚོའི་སྲོག་སྐྱོབ་པའི་ནུས་པ་ཞིག་ཡིན་ཟེར།
མདོག་ཡལ་བའི་གསོལ་རེས་རེ་རེ་སྨན་ཁང་གི་གྱང་ངོས་ཡོངས་ལ་ཁེངས་ཡོད་ཅིང་། དེ་དག་ལས་ལ་ལ་ཞིག་གི་ཟུར་སྣེ་ཟད་པ་དང་། དར་གོས་དམར་པོའི་ཁ་མདོག་ཡལ་ནས་དམར་སྐྱ་རུ་གྱུར་ཡོད། དེའི་ཁྲོད་དུ“བྱམས་སེམས་ཅན་གྱི་སྨན་པ་སེམས་ཅན་ལ་ཕན”ཞེས་པའི་གསོལ་རེས་ཞིག་ཡོད་ལ། གཤམ་དུ་ལྕགས་སྨྱུག་གིས“སྨན་པ་བསོད་ནམས་ཀྱིས་ངའི་ཨ་མ་སྐྱོབ་པར་ཐུགས་རྗེ་ཆེ་ཞུ”ཞེས་པའི་དྲན་བཟོ་བའི་ཚུལ་གྱི་ཚིག་འབྲུ་བྲིས་ཡོད།
ལོ་མང་པོའི་རིང་ལ། བསོད་ནམས་ཀུན་མཁྱེན་གྱིས་ཐོག་མཐའ་བར་གསུམ་དུ་མཐའ་འཁོར་མང་ཚོགས་ལ་ནད་བཅོས་བྱས་པ་མ་ཟད། དབང་པོ་སྐྱོན་ཅན་དང་དཀའ་ངལ་ཆེ་བའི་ཁྱིམ་ཚང་ལ་རིན་མེད་སྒོས་སྨན་བཅོས་དང་སྨན་སྟེར་རྒྱུ་མཐའ་འཁྱོངས་བྱས་ཏེ། སྨན་བཅོས་ཀྱི་ཞབས་རྗེས་འབྲི་སྟོད་རྫོང་གི་གྲོང་གསེབ་ཁག་ཏུ་བཀོད་ཡོད།
“སྨན་པའི་རྩ་བ་མཐོ་སྒང་དུ་ཡོད་ཅིང་ཡུལ་མིའི་སེམས་སུ་ཉར་ཡོད། ཁོང་གིས་ནད་པར་སྨན་ཐུམ་རྒྱག་ཞོར་དུ་བཤད་རྒྱུར། རྫོང་མཁར་གྱི་ཁྱིམ་མཚེས་ཡིན་ནའང་འདྲ། སྤྱི་ལེ་བརྒྱ་ཕྲག་ནས་ཡོང་བའི་ནད་པ་ཡིན་ནའང་འདྲ། ངས་ཚང་མར་སྨན་བཅོས་ཡག་པོ་བྱེད་དགོས་ཟེར།
ད་སྐབས། ལོ་བརྒྱའི་ཨ་མཁར་བོད་སྨན་རྒྱུད་འཛིན་མཁན་ཡིན་པའི་བསོད་ནམས་ཀུན་མཁྱེན་གྱིས་ཞིང་ཆེན་རིམ་པའི་མངོན་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་པར་རེ་ཞུ་འབུལ་བཞིན་ཡོད། འབྲི་སྟོད་རྫོང་དུ་ཡོད་པའི་སྨན་ཁང་ཆུང་ཆུང་འདི་ནི་ནད་བཅོས་སྲོག་སྐྱོབ་བྱེད་ས་ཞིག་ཡིན་པ་མ་ཟད། བོད་སྨན་རྒྱུན་འཛིན་བྱེད་ས་ཞིག་ཀྱང་རེད།