མཚོ་སྔོན་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་གི་སྨྲ་བརྗོད་གསར་པས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་ལ་ནུས་པ་བསྩལ་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 མཛེས་པའི་ཀྲུང་གོ་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་འོག མཚོ་སྔོན་ཞིང་ཆེན་གྱིས“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས”བཏོད་པའི་འཐབ་ཇུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཡོད། དམིགས་འབེན་དེ་འགྲུབ་དགོས་ན་དངོས་ལུགས་ཀྱི་སྒྲིག་ཆས་འཐུས་ཚང་བ་ཞིག་དགོས་པ་མ་ཟད། རྒྱལ་སྤྱིའི་བརྒྱུད་སྒྲོག་གི་ནུས་པ་ཆེན་པོ་ཞིག་ལ་དེ་བས་བརྟེན་དགོས།  མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་གྱི་སྨྲ་བརྗོད་མ་ལག་བཟོ་བའི་དགོས་པའི་གནད་འགག་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་དེ“དངོས་ལུགས་སྒྲིག་འཛུགས”ནས་འཛམ་གླིང་ཡོངས་ཀྱི“རིན་ཐང་ངོས་འཛིན་གཅིག་མཐུན”ཡོང་རྒྱུ་དེ་རེད།

གཅིག རྒྱལ་སྤྱིའི་བརྒྱུད་སྒྲོག་གི་འཐབ་ཇུས་རྨང་རྡོའི་ནུས་པ།

 རྒྱལ་སྤྱིའི་བརྒྱུད་སྒྲོག་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འཐབ་ཇུས་ལ་ཞབས་ཞུ་དང་། ཀྲུང་གོའི་བཅོས་སྐྱོང་གི་བློ་གྲོས་ངོམ་བྱེད་ཀྱི་རྟེན་གལ་ཆེན་ཡིན། མཚོ་སྔོན་ནི“ཀྲུང་ཧྭའི་ཆུ་མཛོད”དང་གོ་ལ་ཧྲིལ་བོའི་མཚོ་འཕགས་མཐོ་ཤོས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཉར་བའི་གནད་འགག་གི་ས་ཁུལ་ཞིག་ཡིན་པས་དེའི་སྐྱེ་ཁམས་ཀྱི་གྲུབ་འབྲས་ཐད་ཀར་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཀྱི་བདེ་རྩར་འབྲེལ་བ་དམ་པོ་ཡོད། ཆེད་ལས་ཀྱི་བརྒྱུད་སྒྲོག་གནད་ལ་འཁེལ་བ་བསྒྲུབ་ན་ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་གསར་གཏོད་དང་ལག་ལེན། གངས་རི་དང་ན་འདམ་མ་ལག་སྲུང་སྐྱོབ། སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བཅས་ལ་ཕན་ཆོད་ཆེ། དེ་དག་རྒྱལ་སྤྱིའི་གོ་སྐོན་ནུས་པ་དང་བརྩེ་བ་གཅིག་མཐུན་གྱི་དོན་བརྗོད་མ་ལག་ཏུ་བསྒྱུར་ན། འཛམ་གླིང་གིས་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ལྟ་བར་སྒོ་མོ་ཞིག་འདོན་ཐུབ་པ་མར་ཟད། ཀྲུང་གོས་འཛམ་གླིང་གི་གོ་ལ་ཧྲིལ་བོ་བཅོས་སྐྱོང་གི་ཕྱོགས་ལ་ཡང“ཀྲུང་གོའི་ཇུས་གཞི”འདོན་ཐུབ།

དུས་ཡུན་རིང་བོ་ཞིག་ལ། རྒྱལ་སྤྱིའི་མི་མང་ཤོས་ཀྱིས་མཚོ་སྔོན་ནི“རྒྱང་རིང་ལྐོག་གྱུར”གྱི་གནས་ཤིག་ལ་ངོས་འཛིན་གྱི་ཡོད། མ་ལག་རང་བཞིན་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་དེ་ཕྱི་ངོས་ཙམ་གཙོ་བྱེད་པའི་རིམ་པ་གཏོར་ཏེ་འཛམ་གླིང་ལ“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས”ཡི་ནང་ནོམ་ཕུན་སུམ་ཚོགས་པ་སྟེ། གཉུག་མའི་སྐྱེ་ཁམས་མྱོང་རོལ་དང་། མི་རིགས་མང་པོའི་རིག་གནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་བཅས་གཅིག་ཏུ་དྲིལ་བའི་རྣམ་པ་གསལ་འགྲེལ་བྱས་ནས་སྤུས་ལེགས་ཤིང་མྱོང་རོལ་ཟབ་པ། འགན་འཁྲི་ཁུར་ལེན་བཅས་ཀྱི་ཡུལ་སྐོར་དཔེ་ལེགས་ཅན་དར་སྤེལ་བཏང་བ་དང་། “རྒྱལ་ཁབ་སྤྱི་གླིང་གི་གདོད་མའི་མྱོང་རོལ་བྱེད་ས་ལེགས་ཤོས”དང“འཛམ་གླིང་མཐོ་སྒང་གི་རྒྱུད་མཐུད་ཡུལ་སྐོར་གྱི་ཚད་ཤིང་གསར་པ”ལ་སོགས་པའི་དཀྱིལ་སྙིང་གི་ཆ་འཕྲིན་མུ་མཐུད་དུ་བསྒྲགས་ནས་མཐོ་རིམ་སྐྱེ་ཁམས་ཡུལ་སྐོར་གྱི་ཁྲོམ་རར་ཐུན་མོང་མ་ཡིན་པའི་མཚོན་རྟགས་གསར་འཛུགས་དང་བར་ཁྱད་ཅན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་ལ་རམ་འདེགས་བྱས།
  ཁྱད་དུ་འཕགས་པའི་རྒྱལ་སྤྱིའི་བརྒྱུད་སྒྲོག་གི་ནུས་པ་དེ་ཐད་ཀར་ས་ཁོངས་དར་སྤེལ་གྱི་སྒུལ་ནུས་སུ་བསྒྱུར་དགོས་ན། ཕྱི་ཕྱོགས་ལ་སྐྱེ་ཁམས་རིག་གནས་ཀྱི་རིན་ཐང་ངོས་འཛིན་མཐུན་པའི་སྐུ་མགྲོན་གྱི་འབྱུང་ཁོངས་དང་། ལྗང་མདོག་དངུལ་གཏོང་དང་ཚན་ཞིབ་མཉམ་ལས་རིགས་ནང་འདྲེན་གྱི་བྱེད་ཐབས་སྤྱད་དེ། ཡུལ་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་དེ་རྩེ་གྲ་ཅན་དང་ལྗང་མདོག་ཅན་གྱི་རིམ་པར་སྤར་བར་སྐུལ་འདེད་དང་། “སྐྱེ་ཁམས་ཐོན་ལས་ཅན་འགྱུར། ཐོན་ལས་སྐྱེ་ཁམས་ཅན་འགྱུར”གྱི་འཁོར་རྒྱུན་ལེགས་པོར་སྐུལ་འདེད་གཏང་ཆོག    ནང་ཕྱོགས་སུ་གསལ་ཞིང་དག་པ། རང་རློམ་རང་ཆེས། གོ་སྐོན་བློ་འགུགས་ཀྱི་སྨྲ་བརྗོད་མ་ལག་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ལ་གཅིག་གྱུར་འཆར་འགོད་བཟོས་ཏེ།  སྲིད་གཞུང་དང་ཁེ་ལས། རིག་གཞུང་གི་སྡེ་དང་སྡོད་ཁུལ་བཅས་ཀྱིས་དམིགས་ས་མཉམ་བསྐྲུན་དང་ཟོང་རྟགས་མཉམ་སྐྱོང་ཁྲོད་དུ་མཉམ་ཤུགས་ཆགས་པར་ཁྲིད་སྟོན་བྱ་ཆོག། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་རྒྱལ་སྤྱིའི་བརྒྱུད་སྒྲོག་ལྟེ་གནས་བཙུགས་པ་ནི།  དོན་དེ་རིགས་ཞིབ་བརྗོད་དང་ཕྱི་ཕྱོགས་བརྒྱུད་སྒྲོག་གི་ཟོང་རྟགས་གསར་བཟོ། མཚོ་སྔོན་གྱི“དངོས་ལུགས་འཛུགས་སྐྲུན”དེ་གོ་ལ་ཧྲིལ་བོའི“རིན་ཐང་ངོས་འཛིན་གཅིག་མཐུན”ཡོང་བའི་ཕྱོགས་སུ་སྤོས་པའི་གནད་འགག་གི་གོམ་པ་ཞིག་ཡིན།
 གཉིས། དེང་གི་དུས་ལ་མཚོ་སྔོན་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་སྨྲ་བརྗོད་མ་ལག་གི་འགག་རྩ་གཙོ་བོ།
 སྣ་མང་བརྒྱུད་སྒྲོག་གི་བྱེད་པོའི་མཉམ་འབྲེལ་མི་འདང་བ་དང་། བརྒྱུད་སྒྲོག་གི་མཉམ་ཤུགས་གཅིག་ཏུ་བསྡུ་ཐུབ་མེད་པ། སྲིད་གཞུང་དང་རིག་གནས་ཡུལ་སྐོར་ཁེ་ལས། ལས་རིགས་ཚོགས་པ། ཞིབ་འཇུག་སྡེ་ཁག སྡོད་ཁུལ་མང་ཚོགས་ལ་སོགས་པའི་བྱེད་པོ་གཙོ་བོའི་བར་ལ་ཕན་ཆོད་ཆེ་བའི་མཉམ་ལས་མཉམ་འབྲེལ་གྱི་སྒྲིག་སྲོལ་དང་རྩེ་རིམ་གྱི་ཇུས་འགོད་མེད་པ། ཕྱོགས་སོ་སོའི་བརྒྱུད་སྒྲོག་དང་ལག་ལེན“ཐར་ཐོར་ཅན”ཡིན་པ་བཅས་ཀྱི་དབང་གིས་རྒྱལ་སྤྱིའི་གླེང་ཕྱོགས་ཁྲོད་གསལ་དག་ལ་རྒྱུན་ཆགས་པའི“མཚོ་སྔོན་གྱི་སྨྲ་བརྗོད”ཅིག་གྲུབ་དཀའ་བར་གྱུར་ཏེ། བརྒྱུད་སྒྲོག་གི་སྟོབས་ཤུགས་དང་ཕན་འབྲས་སྤྱིའི་ཆ་ནས་ཉམས་ཆུང་བ་དང་། ཐོན་ཁུངས་ཀྱང་དོན་བརྗོད་ཀྱི་སྙིང་བོའི་ཐོག་འབབ་ཐུབ་ཀྱིན་མེད། གསར་དུ་བཙུགས་པའི་མཚོ་སྔོན་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་ལྟེ་གནས་དང་མཐོ་རིམ་སློབ་གྲྭ་ལ་སོགས་ཞིབ་འཇུག་ལས་ཁུངས་བར་ལ་རྒྱུན་ཚུལ་ཅན་གྱི་མཉམ་ལས་ཐབས་ལམ་ད་དུང་རྒྱ་བསྐྱེད་དགོས།

བརྒྱུད་སྒྲོག་གི་ནང་དོན་ལ་གཏིང་ཟབ་པའི་རིན་ཐང་བཙོ་སྦྱངས་དང་བརྗེ་སྒྱུར་བྱས་པ་མི་འདང་བ། དོན་བརྗོད་ཀྱི་ཉམས་ཞན་པ་བཅས་མངོན་པའི་ད་དུང་ནང་སྙིང་ལ་འབུད་དགོས། ད་ཡོད་ཀྱི་ནང་དོན་མང་ཤོས་རང་བྱུང་གི་ལྗོངས་གཟིགས་ཏེ་མཐོང་སྣེ་ངོམ་སྟོན་དང་དུས་ཆེན་གྱི་ཆ་འཕྲིན་ཁྱབ་སྒྲོག་ཙམ་ཀྱི་རིམ་པ་ན་གནས་ཡོད་ཅིང་། མཚོ་སྔོན་གྱིས་ཐེག་པའི་ཐུན་མིན་གྱི་སྐྱེ་ཁམས་མི་ཆོས་དང་། ཚན་རིག་རམ་འདེགས་སུ་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གསར་གཏོད། སྡོད་ཁུལ་བྱེད་པོའི་ཡུལ་སྐོར་མཉམ་གཉེར་གྱི་ལག་ལེན་ལ་སོགས་གཏིང་རིམ་གྱི་རིན་ཐང་ལ་མ་ལག་རང་བཞིནགྱི་རིག་གཞུང་གིས་བཙོ་སྦྱངས་དང་གསར་གཏོད་རང་བཞིན་གྱི་རྒྱལ་སྤྱིའི་སྨྲ་བརྗོད་ནི་མེད། དོན་བརྗོད་ཀྱི་ཕྱོགས་ནས་ཕྱོགས་ཆིག་རྐྱང་གི་དྲིལ་སྒྲོག་གཙོ་བྱས་ཏེ། རིག་གནས་ལས་བརྒལ་བའི་བརྒྱུད་སྒྲོག་གི་ཆོས་ཉིད་ལ་བརྩི་སྲུང་ལེགས་པོ་བྱས་མེད་པ་དང་། བརྩེ་སེམས་འབྲེལ་འདྲིས་དང་རིན་ཐང་ངོས་འཛིན་ཐུབ་པའི“གླེང་མོལ་རྣམ་པའི”གཏམ་རྒྱུད་མ་ལག་འཛུགས་ཐུབ་མེད་པས། རིག་གཞུང་གི་སྨྲ་བརྗོད་དེ་རྒྱལ་སྤྱིར་ཤུན་ཤུགས་ཐེབས་ཐུབ་པའི་སྤྱི་དམངས་ཀྱི་བརྒྱུད་སྒྲོག་ཐོན་རྫས་སུ་ཇི་ལྟར་བསྒྱུར་བའི་ཕྱོགས་ལ་ད་དུང་རིག་གཞུང་གི་སྡེ་དང་ལས་རིགས་ཀྱི་མཉམ་འབྲེལ་ལ་ཤུགས་བསྣན་དགོས།  

བརྒྱུད་སྒྲོག་གི་རྣམ་པ་དང་ཐབས་ལམ་གྱི་དེང་རབས་རང་བཞིན་དང་འཚམ་མཐུན་རང་བཞིན་ད་དུང་ཆེ་རུ་བསྐྱེད་དགོས། Instagram、YouTube、TikTokལ་སོགས་གཙོ་ཁྲིད་རང་བཞིན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱེད་འཕྲིན་སྟེགས་དང་དེའི་སྤྱི་ཚོགས་ཚོགས་པ་དག་ལ་ཞིབ་ཚགས་ཅན་དང་རྒྱུན་ཚུལ་ཅན་གྱི་གཉེར་སྐྱོང་ཐབས་བཀོད་མེད་པ། སྐད་རིགས་སྣ་མང་གི་བརྒྱུད་སྒྲོག་ནུས་པ་ཞན་པ། རིག་གནས་མི་འདྲ་བ་དང་རྒྱབ་ལྗོངས་མི་འདྲ་བའི་ཁྲོམ་རར་དམིགས་པའི་ས་གནས་ཅན་གྱི་ལོ་ཙཱ་དང་སྐད་ཆའི་ཁོར་ཡུག་གི་འཚམ་མཐུན་ཆུ་ཚད་དམན་པ། VR/ARལ་སོགས་པའི་དབྱིངས་ཞུགས་རྣམ་པའི་ལག་རྩལ་འཚོལ་ཞིབ་ཐོག་བེད་སྤྱོད་ཀྱི་མགོ་བརྩམས་ཡོད་ན་ཡང་། གཞི་ཁྱོན་ཅན་དང་ཐོན་རྫས་ཅན་གྱི་མྱོང་རོལ་རྣམ་གྲངས་ད་དུང་གྲུབ་མེད་པ། སྔོན་ཐོན་གྱི་གྲངས་ཀའི་ཚན་རྩལ་ཅི་རིགས་ལ་བརྟེན་ནས་འབྱུང་འགྱུར་སྣང་ལ་ཤར་བའི་གདོང་ལེན་གྱི་དམིགས་སའི་གཟུགས་བརྙན་བཞེངས་ཐུབ་མེད།
 གསུམ། སྐྱེ་ཁམས་ཡུལ་སྐོར་དམིགས་སར་ཞབས་ཞུ་འདོན་པའི་མཚོ་སྔོན་རྒྱལ་སྤྱིའི་བརྒྱུད་སྒྲོག་གི་གསར་གཏོད་མ་ལག་གསར་འཛུགས། 

མཉམ་འབྲེལ་ཕན་ལྡན་ཅན་གྱི་སྨྲ་བརྗོད་ཐོན་སྐྱེད་དང་བརྒྱུད་སྒྲོག་གི་ནང་རྐྱེན་ལམ་ལུགས་གཟུག་དགོས། དེ་འཛུགས་ན་ཐར་ཐོར་དུ་གྱུར་བའི་བརྒྱུད་སྒྲོག་གི་སྟོབས་ཤུགས་གཅིག་ཏུ་བསྡུ་ཐུབ་རྒྱུ་ནི་གནད་འགག་རེད། མཚོ་སྔོན་རྒྱལ་སྤྱིའི་བརྒྱུད་སྒྲོག་ལྟེ་གནས་ལ་གཞི་བཅོལ་ཏེ། ཞིང་ཆེན་རིམ་པའི་མཉམ་འབྲེལ་གྱི་སྒྲོམ་གཞིའི་འོག དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར། ཕྱི་དོན། སྐྱེ་ཁམས་ལ་སོགས་སྡེ་ཚན་དུ་མ་མཉམ་འགུལ་ལ་ཤུགས་བསྣན་དགོས་པ་མ་ཟད། མཐོ་རིམ་སློབ་གྲྭའི་རིག་མཛོད་དངོས་སུ་ལམ་ལུགས་ནང་བཅུག་སྟེ། “སྲིད་གཞུང—སྨྱན་བྱེད—ཞིབ་འཇུག—ཁེ་ལས—སྡོད་ཁུལ”བཅས་མཉམ་འབྲེལ་གྱི་ལས་ཀའི་སྒྲིག་སྲོལ་གཟུག་དགོས། རྒྱལ་སྤྱིའི་བརྒྱུད་སྒྲོག་འཐབ་ཇུས་འཆར་འགོད་དང་ལོ་འཁོར་གྱི་ཇུས་གཞི་སྣེ་ཁྲིད་དེ་གཅིག་གྱུར་ཐོག་གཏན་འཁེལ་བྱས་ཏེ། ཕྱོགས་སོ་སོའི་ལས་འགན་དང་ལས་རིམ་གསལ་འབེབས་བྱ་དགོས། འཆར་གཞི་ཡོད་པའི་སྒོ་ནས་ས་གནས་རང་གི་ཁྲོམ་རའི་བྱེད་པོ་དང་། རིག་གནས་ཕོ་ཉ། ཆེད་ལས་དཔུང་སྡེ་བཅས་སྐྱེད་སྲིང་བྱ་བ་དེ་འཁྲུག་ཆ་དོད་པོའི“རིམ་པ་ཕལ་བའི་བརྒྱུད་སྒྲོག”ཏུ་བསྒྱུར་ནས་མཐར་འཐབ་ཇུས་གཅིག་གྱུར་དང་། ལས་བགོས་ཁ་གསལ།  རྫི་གསིང་དོད་པ་བཅས་གཞི་གཅིག་ཅན་གྱི་སྨྲ་བརྗོད་དྲ་རྒྱ་ཞིག་བསྐྲུན་དགོས།

ས་གནས་རང་གི་རིན་ཐང་ཅན་གྱི་དོན་བརྗོད་སྔོག་འདོན་གཏིང་ཟབ་དང་གསར་གཏོད་བརྗེ་སྒྱུར་བྱེད་དགོས། སྣ་ཆིག་རྐྱང་གི་ཡུལ་ལྗོངས་ངོ་སྤྲོད་ལས་བརྒལ་ཏེ། འཛམ་གླིང་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་མཚོ་སྔོན་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མ་དཔེ་ལ་མགོ་སྔ་ཡོད་པ་ཞིག་རྒྱས་བཤད་བྱ་དགོས་པ་སྟེ། འཛམ་གླིང་གི་སྐྱེ་ཁམས་ཧ་ཅང་ཉམས་ཞན་པའི་མཐོ་སྒང་དུ་སྐྱེ་ཁམས་སྲུང་སྐྱོབ་དང་། དམངས་ཚིས་ལེགས་སྒྱུར། རིག་གནས་རྒྱུད་འཛིན། ཡུལ་སྐོར་དར་སྤེལ་བཅས་མཉམ་འབྲེལ་མཉམ་རྒྱས་ཇི་ལྟར་མངོན་འགྱུར་བྱ་དགོས། རིག་གཞུང་ཞིབ་འཇུག་དང་བརྒྱུད་སྒྲོག་ལག་ལེན་གྱི་རྒྱུན་ཚུལ་ཅན་གྱི་འབྲེལ་བ་འཛིན་པའི་སྒྲིག་སྲོལ་བཙུགས་ཏེ། 《མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་གོང་སྤེལ་སྙན་ཞུ》ལ་སོགས་སྐད་རིགས་དུ་མའི་སྒོ་ནས་རྨང་གཞིའི་ཡིག་ཚང་སྒྲིག་འཛུགས་ཐོག་རྩོམ་སྒྲིག་བྱ་དགོས། “མཚོ་སྔོན་གྱི་གཏམ་རྒྱུད་རྒྱལ་སྤྱིའི་མཚོན་སྟངས”ཞེས་པའི་ལས་གཞི་མགོ་བརྩམས་ཏེ། ལས་རིགས་དང་སྨྱན་བྱེད། རིག་གནས་ཡུལ་སྐོར་ལས་ཁུངས་བཅས་བར་གྱི་མཉམ་ལས་ལ་ཡར་སྐུལ་བྱས་ནས་སྲིད་ཇུས་དང་གཞི་གྲངས། ཞིབ་འཇུག་གི་ནང་དོན་དག་མི་སྒེར་གྱི་ལྟ་སྐྱོང་དང་། སྡོད་ཁུལ་བརྗེ་སྒྱུར་དང་སྐོར་ཞིབ་ཀྱི་གཏམ་རྒྱུད་དུ་བསྒྱུར་དགོས། འཛམ་གླིང་མི་རིགས་ཀྱི་སྐྱེ་ཁམས་བློ་གྲོས་ལ་དེང་རབས་ཀྱིས་རྒྱས་འགྲེལ་བྱ་ཆེད། “ཀྲུང་ཧྭའི་ཆུ་མཛོད་ཀྱི་ལྟ་སྐྱོང་བ”ལ་སོགས་ས་གནས་རང་དུ་རྩ་བ་ཚུགས་ཐུབ་ཅིང་། འཛམ་གླིང་ཡོངས་ངོས་འཛིན་གཅིག་ཏུ་མཐུན་ཐུབ་པའི་ལྟེ་བའི་སྨྲ་བརྗོད་ཀྱི་མཚོན་རྟགས་ཤིག་སེམས་ཞིབ་མོས་བཟོ་དགོས།

སྔོན་ཐོན་གྱི་ལག་རྩལ་མཉམ་འབྲེལ་བེད་སྤྱོད་དང་ཐབས་ལམ་དུ་མ་ལ་བརྟེན་ནས་བརྒྱུད་སྒྲོག་གི་ནུས་ཕྱོད་རིམ་སྤར་བྱ་དགོས། མཚོ་སྔོན་རྒྱལ་སྤྱིའི་བརྒྱུད་སྒྲོག་དེ་གཉེར་སྐྱོང་ལྟེ་གནས་སུ་བྱས་ཏེ། “རྒྱལ་སྤྱིའི་བརྒྱུད་སྒྲོག་གྲངས་ཀར་ནུས་ཤུགས་བསྩོལ་བའི”འཆར་གཞི་བཟོ་དགོས་པ་དང་། རིག་གནས་ཡུལ་སྐོར་གྱི་གཞི་གྲངས་ཆེ་མོའི་འཕྲིན་སྟེགས་ལ་གཞི་བཅོལ་ཏེ། འཛམ་གླིང་གི་མགྲོན་ཁུངས་ཁྲོམ་ར་གཙོ་བོར་སྣང་བརྙན་ཞིབ་ལེགས་ཅན་བཟོས་ནས་གཏན་འཁེལ་གྱི་ནང་དོན་རྩོམ་འབྲི་དོན་ཐོག་ཏུ་འཁེལ་བ་བྱ་དགོས། ཐབས་ལམ་བཟོ་ཇུས་ཀྱི་ཕྱོགས་ནས་དྲ་སྟེང་དང་དྲ་འོག་གཉིས་ཀ་མཉམ་འབྲེལ་དང་། དངོས་བཤུས་གློག་བརྙན་ལེ་ཚན་གསར་འཛུགས་བཅས་ཀྱི་ནང་དོན་ཆ་ནས་མནའ་འབྲེལ་བཙུགས་ཏེ། སྐད་རིགས་དུ་མའི་གསལ་འགྲེལ་བྱེད་ཐུབ་པའིVR/AR、AIཡི་ལག་རྩལ་ནང་འདྲེན་བྱས་ནས“སྤྲིན་སྣེར་ཆུ་གསུམ་མགོ་ཁུངས་སུ་རྒྱུ་བ”ལ་སོགས་ཀྱི་གྲངས་ཀའི་ཐོན་རྫས་བཟོ་དགོས། མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་ཆེད་ལས་བར་མཉམ་འབྲེལ་བྱས་ཏེ། སྐད་རིགས་དུ་མའི་སྒོ་ནས་ནང་དོན་གསར་རྩོམ་བྱ་དགོས། དྲ་འོག་ཏུ་རང་འགུལ་གྱིས་རྒྱལ་སྤྱི་ཅན་དུ་རྒྱ་བསྐྱེད་དེ། རྒྱལ་སྤྱིའི་ཚོགས་པའི་བར་གྱི་འབྲེལ་བར་ཤུགས་སྣོན་དང་། རྒྱལ་སྤྱིའི་རྩེ་རིམ་གྲོས་ཚོགས་སུ་ཡར་ཞུ་བྱ་བ་ཧུར་ཐག་གིས་བསྒྲུབ་དགོས། ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་ནང་ཞུགས་སམ་ཡང་ན་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་བཟོ་བ། རྒྱལ་ཁབ་སྤྱི་གླིང་དོ་དམ་གྱི་རྒྱལ་སྤྱིའི་ཚད་གཞིའམ་ལས་རིགས་ལམ་སྟོན་བཟོ་བ་བཅས་ལ་ཡར་སྐུལ་བྱ་དགོས། མཚོ་སྔོན་བསྐོར་བའི་ལྕགས་རྟ་འགྲན་རྒྱུག་དང་། སྐྱེ་ཁམས་དངོས་མང་བཤམས་སྟོན་ལ་སོགས་ཟོང་རྟགས་བྱེད་སྒོའི་ཕྱོགས་ལ་ནང་དོན་མཁོ་སྤྲོད་ལོགས་གྲུབ་ཀྱི་གསར་བརྗེ་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་སུ་རྒྱུད་སྒྲོག་ཐེངས་གཉིས་པ་བྱེད་པའི་ནང་དོན་སྤུས་ལེགས་ཅན་རྒྱུན་ཆད་མེད་པར་འདོན་སྤྲོད་བྱས་ནས་དངོས་ཤུགས་མཉམ་འབྲེལ་དང་། གནད་འཁེལ་དོན་སྨིན་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་གི་ལངས་གཟུགས་ལིང་ཚེ་གཟུག་དགོས།

རྒྱལ་སྤྱིའི་དམིགས་ས་རྩེ་གྲར་འཚམ་པའི་བརྒྱུད་སྒྲོག་གི་སྨྲ་བརྗོད་མ་ལག་གསར་གཏོད་ཐོག་བཀོལ་སྤྱོད་བྱ་རྒྱུ་ནི་མཚོ་སྔོན་གྱིས་ཕུགས་རིང་བའི་འཐབ་ཇུས་མངོན་འགྱུར་ལ་མེད་དུ་མི་རུང་བའི་འདེགས་སྐྱོར་ཀྱི་ཀ་བ་ལྟ་བུ་ཡིན། ལམ་ལུགས་འཐུས་ཚང་དང་། དོན་བརྗོད་ཟབ་ཅིང་རྒྱས་པ། ཐབས་ལམ་རིམ་སྤར་བཅས་བརྒྱུད་དེ། ལམ་ལྷུང་ལ་གསལ་འགྲེལ་གནད་དུ་འཁེལ་བ་དང་། འཛམ་གླིང་གི་ངོས་འཛིན་གཅིག་མཐུན་ལ་སྐུལ་སློང་ནུས་ལྡན་ཐུབ་པའི་སྨྲ་བརྗོད་མ་ལག་ཆགས་སུ་བཅུག་ནས་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྱོང་ཐད་ལ་མཉེན་པའི་སྟོབས་ཤུགས་ཆེན་པོ་བསྣན་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།