མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་ཡུལ་མི་ཚེ་བཟང་གིས“སྒོ་ཁུག་ཏུ་སྨན་པ་བཟང་པོ་ཡོད་པས་ས་ཆ་གཞན་དུ་སྨན་པར་སྟོན་དུ་འགྲོ་མི་དགོས”ཞེས་སེམས་ཚོར་ཞིག་བརྗོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ནས་བཟུང་ཡུལ་ཤུལ་ཁུལ་གྱིས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། གཞི་ཁྱོན་འགན་ལེན་འཐུས་ཚང་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ཏེ། ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། སྨན་བཅོས་ཞབས་ཞུའི་ནུས་པ་དང་། འགན་སྲུང་ཆུ་ཚད། སྤྱོད་ཐུབ་པའི་རང་བཞིན་བཅས་ཆེས་ཆེར་མཐོ་རུ་ཕྱིན་ཡོད།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་དམ་ཟབ་རང་བཞིན་ཅན་གྱི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཁུལ་ཁོངས་ཀྱི་དམ་ཟབ་རང་བཞིན་ཅན་གྱི་སྨན་བཅོས་མཉམ་འབྲེལ་ཚོགས་པ་གཅིག་དང་རྫོང་ཁོངས་ཀྱི་དམ་ཟབ་རང་བཞིན་ཅན་གྱི་སྨན་བཅོས་གཅིག་མཐུན་ཚོགས་པ་བདུན་བཙུགས་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཡོངས་ཀྱི་ཞབས་ཞུའི་ནུས་པ་ཚད་ཐིག་ཏུ་ལོན་པ་དང་། རྒྱང་བསྟེན་སྨན་བཅོས་དང་ཕྱོགས་གཉིས་སྤོ་དཔྱད། ཞིབ་བཤེར་མཇུག་འབྲས་ལ་ཕན་ཚུན་གྱིས་དཔྱད་ཞིབ་བྱེད་པ་སོགས་ཀྱི་བྱེད་ནུས་ཕྱོགས་ཡོངས་ལ་ཁྱབ་པར་བྱས། ས་གནས་དང་བསྟུན་ནས་བོད་ལུགས་གསོ་རིག་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་ཆེད་མཁས་རྒན་པའི་རྒྱུན་འཛིན་བྱ་བའི་གཞུང་སྒྲུབ་ཁང་བརྒྱད་དང་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ཆེད་མཁས་རྒན་པའི་རྒྱུན་འཛིན་བྱ་བའི་གཞུང་སྒྲུབ་ཁང་གསུམ། ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་བྱ་བའི་གཞུང་སྒྲུབ་ཁང་གསུམ་བཅས་བཙུགས་ནས་བོད་ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་སྣ་ཉེར་གཅིག་གཞི་རིམ་དུ་ཁྱབ་རྡལ་དང་བེད་སྤྱོད་བཏང་ནས་བོད་ལུགས་གསོ་རིག་གི་དལ་བའི་ནད་ཀྱི་དོ་དམ་དང་བཤགས་བཅོས་རྗེས་ཀྱི་ཁམས་གསོ་སོགས་ཕྱོགས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས།
གཞི་རིམ་ས་ཁུལ་གཙོ་བོར་འཛིན་པ་དང་སྤྱི་བའི་འཕྲོད་བསྟེན་ཚད་མཐར་འཛིན་པ། དམིགས་བསལ་མི་ཚོགས་ལྟེ་བར་བྱེད་པའི་རྒྱུན་བསྐྱངས་ནས་ཕྱོགས་ཡོངས་དང་འཁོར་ཡུན་ཧྲིལ་བོའི་བདེ་ཐང་ཞབས་ཞུའི་དྲ་རྒྱ་བསྐྲུན་ནས་མང་ཚོགས་ལ་དྲོད་ཁོལ་ཚོར་དུ་འཇུག་དགོས། ཁུལ་ཡོངས་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་སྒོར་གོ་དགུ་དང་ཞབས་ཞུའི་ལས་གཞི་སྣ་ཉེར་དགུ་ལ་རྒྱ་བསྐྱེད་པ་དང་། ལོ་ལོན་དང་དལ་བའི་ནད་ཀྱི་དོ་དམ། ཁྱིམ་དུ་སྨན་བཅོས་བྱེད་པའི་ཞབས་ཞུའི་ཕན་ནུས་མངོན་གསལ་སྒོས་ཇེ་བཟང་དུ་སོང་། སྤྱི་བའི་འཕྲོད་བསྟེན་ཐད་ཀྱི་བྲེལ་མྱུར་དང་ལེན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་ཁུལ་རིམ་པའི་ཁྱབ་ཁོངས་ཀྱི་འགོས་ནད་འགོག་བཅོས་ལྟེ་གནས་བཙུགས་ནས་ཐུམ་འབུའི་ནད་བྱུང་ཚད2020ལོའི0.69%ནས0.42%བར་མར་ཆག