རང་ཞིང་གིས་ནགས་ལས་དང་རྩྭ་ཐང་གི་སོན་མྱུག་དོ་དམ་གྱི་སྒྲིག་སྲོལ་གསར་པ་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ་དང་པོའི་ཚེས12ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཆ་ལྗང་འགྱུར་རྣམ་གྲངས་ཀྱི་ནགས་ཚལ་དང་རྩྭ་ལྗང་བུ་བེད་སྤྱོད་དོ་དམ་བྱེད་ཐབས། (ཚོད་ལྟ་བྱེད་ཐབས། )》ཁྱབ་སྒྲོག་བྱས་ཤིང་།  ཟླ2པའི་ཚེས4ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

《བྱེད་ཐབས》ལས“ཚན་རིག་དང་མཐུན་པའི་འཆར་འགོད་དང་མ་ལག་བཀོད་སྒྲིག”“སྤུས་ཚད་རྩ་བར་འཛིན་པ་དང་ཚན་རིག་དང་མཐུན་པའི་སྡེབ་སྒྲིག”“ཚད་ལྡན་དོ་དམ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་”སོགས་ཁྲིད་ཕྱོགས་ཆེན་པོ་གསུམ་ཁ་གསལ་བཟོས་ཏེ།   ཁྱོན་བསྡོམས་ལེའུ་བདུན་དང་དོན་ཚན་སོ་དགུར་དགར་ཏེ།     “ཐོན་སྐྱེད་དང་མཁོ་སྤྲོད། སྤུས་ཚད་དང་བཀོལ་སྤྱོད། ལྟ་སྐུལ་དོ་དམ”བཅས་ལ་ཁྱབ་པའི་མུ་ཕྲེང་ཡོངས་ཀྱི་དོ་དམ་མ་ལག་བཙུགས་པ་དང་།     ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ནོར་སྲིད་དངུལ་འཇོག་གི་རྒྱལ་ཁོངས་ལྗང་བསྒྱུར་གྱི་ལས་གཞི་དང་།  མ་དངུལ་གཞན་དག་གི་དངུལ་འཇོག་ལས་གཞི་ལ་འཚམ་པ་དག་གིས་དཔྱད་གཞིར་བཟུང་ནས་ལག་བསྟར་བྱས་ཆོག འདིའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་ལས་གཞིའི་ཁྲོད་ནགས་ལས་དང་རྩྭ་ཐང་གི་སོན་མྱུག་བེད་སྤྱོད་དོ་དམ་སྔར་བས་ཚད་ལྡན་དུ་བཏང་ནས་སོན་མྱུག་སྤུས་ཚད་འགན་སྲུང་བྱེད་ཆེད་ཡིན།

སོན་མྱུག་ལྟ་སྐུལ་དོ་དམ་ཐད་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁ་གསལ་བཟོས་ཏེ།     “སྐབས་བསྟུན་གཉིས་དང་སྤྱི་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་རྣམ་པ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ།     ཡིད་རྟོན་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་ཁྲིམས་བསྟར་རྐྱེན་སྲོལ་བཙུགས་པ་དང་ལས་གཞི་ལག་བསྟར་ལས་ཁུངས་དང་ལྟ་ཞིབ་དོ་དམ་ལས་ཁུངས། དེ་བཞིན་ལྟ་སྐུལ་དོ་དམ་མི་སྣ་བཅས་ཀྱི་བཅའ་ཁྲིམས་འགན་འཁྲི་ཁ་གསལ་བཟོས།     འགོ་ཁུངས་འཛིན་སྡོམ་ཐད་སོན་མྱུག་ཐོན་སྐྱེད་ལས་གཉེར་བྱེད་པོར་ངེས་པར་དུ་ལས་གཉེར་ཆོག་འཁྲོལ་ནུས་ལྡན་ཡོད་དགོས་པ་མ་ཟད།  “གཏན་འཁེལ་བཞི་གསལ་པོ་གསུམ”གྱི་དོ་དམ་བྱེད་སྟངས་དང་འགན་སྲུང་རང་བཞིན་གྱི་ལྗང་བུ་གསོ་ཚགས་འཛུགས་སྐྲུན་ལམ་ལུགས་ཁྱབ་གདལ་གཏོང་བ་དང་།     འགན་སྲུང་རང་བཞིན་གྱི་ལྗང་བུ་གསོ་ཚགས་ཀྱིས་རྐང་འཛིན་བྱེད་པ་དང་སྤྱི་ཚོགས་ཅན་གྱི་ལྗང་བུ་གསོ་ཚགས་ཀྱིས་ཁ་གསབ་བྱེད་པའི་མཁོ་སྤྲོད་མ་ལག་འཛུགས་དགོས་པ་མ་ཟད།     སོན་མྱུག་སྤུས་ཚད་ངེས་པར་དུ་རྒྱལ་ཁབ་དང་ལས་རིགས། ཡང་ན་ས་གནས་ཀྱི་ཚད་གཞིར་སླེབས་དགོས་ཤིང་། ལས་གཞི་ཇུས་འགོད་ཀྱི་སྣ་ཁ་དང་ཚད་གཞིའི་བླང་བྱར་ནན་ཏན་གྱིས་མཐུན་དགོས་པའི་བླང་བྱ་བཏོན།           《བྱེད་ཐབས》ལས་ཇུས་འགོད་དང་ཉོ་སྒྲུབ།   གཏོང་འདྲེན་ནས་ཞིབ་བཤེར་རྩིས་ལེན་བར་གྱི་རིམ་པ་ཁག་ཞིབ་ཕྲ་བཟོས་ཡོད་པ་སྟེ།     ལས་སྒྲུབ་ཇུས་འགོད་ལ་སོན་མྱུག་གི་ཚན་པ་ལོགས་སུ་འགོད་དགོས་པ་དང་ཉོ་སྒྲུབ་ལ་ངེས་པར་དུ་གཟབ་ནན་གྱིས་ཇུས་འགོད་གཞིར་འཛིན་དགོས་པ་མ་ཟད་གན་རྒྱའི་འགན་འཁྲི་ཁ་གསལ་བྱེད་དགོས།   གཏོང་འདྲེན་ལ“ཐག་ཉེ་ནས་འཐེན་སྤྱོད”ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང“ལག་ཁྱེར་གཉིས་དང་མིང་རྟགས་གཅིག”གི་ལམ་ལུགས་ལག་བསྟར་དང་།     ཞིབ་བཤེར་རྩིས་ལེན་ལ་རྫོང་རིམ་པའི་ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་ཕྱོགས་གསུམ་མཉམ་འབྲེལ་ཞིབ་དཔྱད་རྩ་འཛུགས་བྱས་ནས་ཚད་ལྡན་མིན་པའི་སོན་མྱུག་མཐའ་གཅིག་ཏུ་བསྡུ་ལེན་མི་བྱེད།     གཞན་ཡང་བརྒྱུད་རིམ་ཧྲིལ་པོའི་ཁུངས་འདེད་ཆོག་པའི་ཡིག་ཚགས་ལམ་ལུགས་བཙུགས་ནས་འབྲེལ་ཡོད་རྒྱུ་ཆའི་ཉར་ཚགས་དུས་ཡུན་ལོ10ལས་མི་ཉུང་བ་དང་དེའི་ཁྲོད་སོན་བཟང་དང་དེ་བཞིན་གཞི་རྒྱུ་བསྒྱུར་བའི་སོན་མྱུག་ཡིག་ཚགས་ཡུན་རིང་དུ་ཉར་དགོས་པའི་བླང་བྱ་བཏོན། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།