སྐོར་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པའི་སྐོར་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། སྐོར་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་དང་། ཤར་ནུབ་རྒྱུད་མཉམ་ལས་རོགས་སྐྱོར་ལས་བྱེད་པ།     སྐོར26པའི་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་སོགས་བསྡོམས་པའི་མི524དུས་ཡུན་ཉིན་ལྔའི་གཅིག་བསྡུས་གསོ་སྦྱོང་ལ་ཞུགས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། ཆབ་སྲིད་དཔལ་འབྱོར།  མི་རིགས་ཆོས་ལུགས། སེམས་ཁམས་བདེ་ཐང་སོགས་ཀྱི་ནང་དོན་ལ་དམིགས་ནས། གཞུང་ལུགས་སློབ་སྦྱོང་དང་བཞུགས་མོལ་བརྗེ་རེས།  ཚན་ཆུང་བགོས་ནས་གྲོས་བསྡུར་བྱེད་པ། ཡུལ་དངོས་ལྟ་སྐོར་སོགས་ཀྱི་བྱ་ཐབས་སྤྱད་དེ། ཞིང་ཆེན་གྱི་གནས་ཚུལ་ངོས་འཛིན་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་།  འགན་འཁྲི་འཁུར་ཤུགས་ཇེ་དྲག་ཏུ་བཏང་། གསོ་སྦྱོང་གི་དུས་སྐབས་སུ།

ད་དུང“འགུལ་སྐྱོད་ཆུང་བའི”འགྲན་བསྡུར་དང་།  རིག་རྩལ་འགྲན་བསྡུར།  མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་པའི་འོས་འགན་སྨན་བཅོས་བྱེད་སྒོ་བཅས་རྩ་འཛུགས་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཚོགས་པ་སོ་སོའི་བརྗེ་རེས་རོགས་ལས་ལ་སྐུལ་འདེད་བཏང་སྟེ།“མཚོ་སྔོན་ལ་རོགས་སྐྱོར་ཆེན་པོའི”འགྲིལ་ཤུགས་གཅིག་བསྡུས་བྱས།

སྐོར་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་མཚོ་སྔོན་དུ་ཡོང་བའི་ཚུན་ལ། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་བློ་ལ་བརྟན་པོར་ངེས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“བཀའ་དྲིན་ཚོར་བ་དང་བརྩེ་སེམས་ཡོད་པ། དངོས་སྒྲུབ་གཙོར་འཛིན་པའི”འབོད་སྐུལ་ཧུར་ཐག་གིས་དང་ལེན་བྱས་ཏེ། ཞིང་ཆེན་ཏང་ཨུའི“ཟུང་འབྲེལ་དྲུག་གི”བྱ་བའི་བླང་བྱ་ལག་ལེན་ནན་མོ་བྱས་ནས། མཚོ་སྔོན་ལ་མཉམ་འདྲེས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རང་འགུལ་གྱིས་མཚོ་སྔོན་ལ་བྱས་རྗེས་འཇོག་པ། ཧུར་ཐག་གིས་མཚོ་སྔོན་འཛུགས་སྐྲུན་བཅས་བྱས་ཏེ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་།  ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ལག་ལེན་ཁྲོད་ཞུགས་ནས། བསམ་པའི་རྣམ་པ་བཟང་པོ་དང་བྱ་བའི་སྤྱོད་ཚུལ་ཏན་ཏིག་མངོན་པར་བྱས།

གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་བསྟན་དོན། མིག་སྔར་མཚོ་སྔོན“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་པའི་གནད་འགག་གི་དུས་རིམ་དུ་གནས་ཡོད་ལ། ཐེངས་འདིའི་གསོ་སྦྱོང་གོ་སྐབས་སུ་བྱས་ཤིང་། མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཕྲ་བླངས་ཏེ།     ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་འགན་འཁྲི་ལག་བསྟར་བྱེད་པ།     མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཁྱད་སྟོབས་འདོན་སྤེལ་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། གསོ་སྦྱོང་གི་གྲུབ་འབྲས་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས།     དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་ནུས་ཤུགས་ཆེན་པོ་འབུལ་དགོས་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།