ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ཚེས12ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས12ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་བསྣན་ཏེ། ཚད་གཞི་སྔར་བས་མཐོ་བ་དང་བྱ་ཐབས་སྔར་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་རྒྱུར་སྐུལ་འདེད་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔར་བས་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་པ། སྔར་ལས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་དབང་ཆ་ལམ་ལུགས་ཀྱི་དོ་དམ་ཁྲོད་འཇུག་པ། སྔར་བས་བློ་རིག་གསལ་ཞིང་བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས།

ཟླ་དང་པོའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གསུང་བཤད་གལ་ཆེན་གནང་། ལི་ཆང་དང་། ཀྲའོ་ལེ་ཅི།  ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི།  ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་ཚོགས་འདུར་ཞུགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚོགས་འདུར་མགོ་འཛིན་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། 2025ལོར། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲུབ་འབྲས་མངོན་གསལ་བླངས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དང་ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་འགན་སྲུང་ནུས་ལྡན་བྱས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཡོངས་ཀྱིས་སྤྱོད་ཚུལ་ལེགས་སྒྱུར་དང་སྲོལ་གསར་འཛུགས་པར་སྐུལ་འདེད་བཏང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་དང་། སྤྱོད་ཚུལ་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་དག་ཐར་གཏིང་ཟབ་བྱས་ནས། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ནི། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་རྩ་བའི་བླང་བྱ་ཡིན་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཡང་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་དགོས།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ངང་འཛུགས་པ་བཅས་ལ་དམ་པོར་དམིགས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། མི་དམངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱུན་རྣམ་ཅན་གྱི་དབུལ་ལོག་ཕྱུག་འགྱུར་སྔོན་འགོག་བྱེད་པ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་སོགས་ཀྱི་ལས་འགན་དང་བླང་བྱར་དམིགས་ཏེ། ཞིབ་ཕྲ་ཅན་དང་གནད་ཁེལ་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ།  སྐོར་ཞིབ་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ་དང་། དག་ཐེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་དང་ཐབས་ལམ་ནུས་ལྡན་ནན་ཏན་སྒོས་འཚོལ་ཞིབ་བྱེད་དགོས། ད་ལོ་ས་གནས་ཀྱིས་སྐབས་བརྗེའི་འགོ་འཛུགས་རྒྱུ་ཡིན་པས། དོན་དམ་པའི་བློ་དཀར་བློས་འགེལ་ཆོག་པ་དང་ཁ་ཞེ་གཉིས་མེད། འགན་འཁྲི་གཙང་སྒྲུབ་བྱེད་མཁན་ལས་བྱེད་པ་བཟང་པོ་བཀོལ་སྤྱོད་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གིས་རང་ངོས་གསར་བརྗེ་བྱེད་པར་གཙོ་བོ་དབང་ཆ་བཅོས་སྐྱོང་བྱས་ཏེ། དབང་ཆ་ལམ་ལུགས་ཀྱི་གཟེབ་ཏུ་འཇུག་རྒྱུ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་ལས་འགན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་ལག་བསྟར་བྱེད་པར་བརྟེན་ནས་འགོ་རྩོམ་གནད་སྒྲོལ་བྱས་པ་དང་། སྒྲིག་ལམ་བརྟན་པོ་བཙུགས་པ་དང་གཅུན་སྡོམ་དྲག་པོ་བྱས་ནས། ཏང་སྲོལ་སྲིད་སྲོལ་གསར་རྐྱང་དུ་འགྱུར་བར་སྐུལ་འདེད་བཏང་། དབང་ཆ་ལམ་ལུགས་ཀྱི་གཟེབ་ཏུ་འཇུག་པར་ལམ་ལུགས་དང་གཏན་འབེབས་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་ཚགས་དམ་ཞིང་རྙོག་འཛིང་མིན་པ་དང་། ནུས་ལྡན་གོ་ཆོད་ཡོང་བར་བྱ་དགོས་པ་མ་ཟད། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས།འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་སྲོལ་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་ཁྲིམས་སྲོལ་ལམ་ལུགས་བརྩི་སྲུང་བྱེད་པའི་ཐད་ནས་ཆེད་དབང་མེད་པ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པའི་ཐད་ནས་དམིགས་བསལ་མེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ལམ་ལུགས་ཀྱི་གཏན་འབེབས་དེ་ནུས་ལྡན་གྱི་བྱེད་ཐབས་སུ་ འགྱུར་བར་བྱེད་དགོས། འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་བྱེད་དགོས། ཁྲིམས་སྲོལ་ལམ་ལུགས་ཀྱི་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་པ་དང་། ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་རྒྱུས་ལོན་བྱེད་པ་དང་སྒྲིག་ལམ་གསལ་བོར་ཤེས་པ། གུས་འཇིགས་ཀྱི་སེམས་པ་ཡོད་པར་བྱེད་དགོས། ཏང་དོན་དང་སྲིད་དོན་ཡོངས་བསྒྲགས་བྱེད་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། དབང་ཆ་ཡོངས་བསྒྲགས་སུ་བཀོལ་ཐུབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རུལ་སུངས་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཁྲོད་ཀྱི་བཀག་རྡོ་ལྟ་བུ་ཡིན་ལ། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཕམ་མི་རུང་ལ་གཏན་ནས་ཕམ་མི་ཆོག་པའི་འཐབ་རྩོད་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རེའི་ཏང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག རྩ་ལག་མཉམ་བཅོས་དང་མཉམ་དུ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ།རུལ་སུངས་བྱེད་མི་འདོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བའི་ལམ་དུ་ཞུགས་པ་མ་ཟད། བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས། མིག་སྔར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། རུལ་སུངས་སྐྱེ་འཕེལ་བྱེད་ས་དང་ཆ་རྐྱེན་མེད་པར་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་དང་ལྗིད་རྫོབ་ཆེ། མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་བྱེད་པ་དང་། རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་བྱེད་པ། ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ་བྱེད་པ། ངན་ནག་གཙང་སེལ་བཅས་བྱས་ཏེ། རུལ་སུངས་བྱེད་མཁན་གཞོལ་ས་མེད་པར་བཟོ་དགོས། རུལ་སུངས་ཀྱི་འཕེལ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། བྱེད་ཐབས་དང་བྱེད་སྟངས་གསར་གཏོད་བྱེད་པ། རུལ་སུངས་ལ་རྒོལ་བའི་འགན་འཁྲི་དོན་འཁྱོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རིགས་མི་འདྲ་བའི་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་དབྱེ་འབྱེད་གནད་འཁེལ། བཅོས་སྐྱོང་ནུས་ལྡན་བཅས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ་དང་། མ་ལག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མཉམ་འགུལ་གཞོགས་འདེགས་ལ་ཤུགས་བསྣོན་པ། ཕྱོགས་སོ་སོ་ལྟ་སྐུལ་འབྲེལ་མཐུད་བྱས་ཏེ། མུ་ཕྲེང་ཧྲིལ་པོའི་མཉམ་ལས་ལ་བརྟེན་ནས་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་རང་ངོས་གསར་བརྗེ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པས། ཏང་གི་མཐུན་སྒྲིལ་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་བྱ་བའི་ ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་གཞི་ཅན་གྱི་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས། ལྟ་སྐུལ་སྒྲིག་བསྟར་དང་ཁྲིམས་འཛིན་གྱི་སྤུས་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ། འཇོན་ཐང་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་གཙང་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་བླང་བྱ་ལྟར། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ། འཐབ་རྩོད་བྱེད་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་གཙོ་ཤུགས་དམག་དཔུང་ཤུགས་ཆེན་པོས་འཛུགས་སྐྱོང་བྱ་དགོས།

ལི་ཞི་ཡིས་ཚོགས་འདུར་འགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་གནང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་གཙིགས་སུ་བཟུང་ནས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་བཟང་བའི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་བཏང་སྟེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱ་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་དང་འཐབ་ཇུས་བཀོད་སྒྲིག་གནང་ཞེས་བསྟན།

གསུང་བཤད་ནི་གཟིགས་རྒྱང་ཡངས་པོ། དགོངས་པ་གཏིང་ཟབ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་། “ཡིད་རྟོན་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ།  ནམ་ཡང་ལམ་དུ་ཡོད་པའི་བློ་བརྟན་འགྱུར་མེད་དང་སྙིང་རུས་ལ་བརྟེན་ནས་འགྱུར་བ་མེད་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་ཚོགས་འདུར་ཞུགས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ།  མི་དམངས་ཚོགས་པ་སོ་སོ།  དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་བརྒྱུད་ནས་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་དང་དེ་མིན་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ1ཚེས12ཉིན་པེ་ཅིང་དུ་ཚོགས་འགོ་བརྩམས་ཤིང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཚེས་12ཉིན་གྱི་ཕྱི་དྲོ་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཁ་བྱང་ལ《ཚད་གཞི་སྔར་བས་མཐོ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་ཀྱིས་སྐྱོང་བར་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།