ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་ཚུལ”ཞེས་པའི་མུ་འབྲེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཞིང་ཆེན་སྡོད་ཁང་དང་། གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཆེད་དོན་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ནས་བཟུང་། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་འཛུགས་སྐྲུན་བྱེད་པའི“གནས་བཞི”ལ་དམིགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་མདོག་རྨང་གཞི་མུ་མཐུད་དུ་བརྟན་པོ་ཡོང་བ་དང་། གྲོང་ཁྱེར་གྱི་བྱེད་ནུས་དང་སྤུས་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་པ། སྡོད་ཁང་འགན་སྲུང་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་བ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོན་པ་དང་། འཛུགས་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ་བཅས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོན་ཡོད་པ་རེད།
ལོ་ལྔའི་རིང་། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ལས་རིགས་ལྗང་མདོག་འཕེལ་རྒྱས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ས་ཁོངས་ཡོངས་ཀྱི“གཙང་གསུམ་མགོ་ཁུངས་ནས་རིགས་དབྱེ་བ་དང་། ས་ཁོངས་གཅིག་གྱུར་འཆར་འགོད་བྱེད་པ། སྲེག་གཏོང་སྔོན་གཅོད། འཛུགས་སྐྲུན་དང་དོ་དམ་གཞི་གཅིག་ཅན་གྱི”འཚོ་བའི་གད་སྙིགས་བཅོས་སྐྱོང་བྱེད་སྟངས་བཅས་ཁྱབ་སྤེལ་བཏང་ནས་གྲོང་ཁྱེར་དང་རྫོང་གི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་ཚད99.12%ཟིན་པ་རེད། ལྗང་མདོག་གནོད་མེད་འཛུགས་སྐྲུན་བྱེད་སྟངས་རྒྱ་ཆེར་སྤེལ་ནས། ལྗང་མདོག་འཛུགས་སྐྲུན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་བསྐྲུན་པའི་འཛུགས་སྐྲུན་ནང་བཟུང་བའི་བསྡུར་ཚད100%ཟིན་ཡོད།
ལོ་ལྔའི་རིང་ལ། མཚོ་སྔོན་གྱིས་གྲོང་ཁྱེར་གྱི་འཚོ་སྡོད་ལ་འཚམ་པའི་ཆུ་ཚད་ཆེས་ཆེར་ཕྱིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི17.4སྒྱུར་བཀོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་མི་འདང་བའི་སྡོད་ཁུལ་ཁྲི1.15སྒྱུར་བཅོས་བྱས། གློག་སྐས500སྣོན་བསྒྲིག་བྱས་པ་དང་། གློག་སྐས409གསར་དུ་བརྗེ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཁྲི50ལྷག་གི་གནས་སྡོད་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་རེད། གྲོང་ཁྱེར་གསར་སྒྱུར་རེས་སྐོར་གསུམ་ལ་བྱས་པ་དང་། བསྡོམས་པའི་སྡོད་ཁང་ཁྲི1.2དང་། གཞིས་ཁུལ2607། སྡེ་ཁུལ169དང་སྲང་ལམ45བཅས་ལ་བརྟག་དཔྱད་བྱས་པ་དང་། གྲོང་ཁྱེར7ལ་ཡོངས་སུ་ཁྱབ་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ། ཞིང་ཆེན་ཡོངས་སུ་བསྡོམས་པས་གཞིས་ཁུལ་རྙིང་པ1600ལྷག་བསྒྱུར་བཀོད་བྱས་པ་མ་ཟད། ཟི་ལིང་ཞ་ནན་ཀོན(下南关)སོགས་སྲང་ལམ་དང་གཞིས་ཁུལ་རྙིང་པ་ཁག་ཅིག་གི་བསྒྱུར་བཀོད་ལར་སྐུལ་འདེད་བཏང་ཞིང་། ཁྲོམ་གཞུང་རྙིང་པའི་གསོན་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
ལོ་ལྔའི་རིང་ལ། མཚོ་སྔོན་གྱིས་ལམ་ལུགས་དང་ལམ་སྲོལ་ཟུངས་ནུས་བྱ་ཐབས་འཐུས་ཚང་དུ་གཏོང་རྒྱུ་དེ་རྨང་གཞིར་བྱས་པ་དང་། ཁྲོམ་རའི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། གསར་གཏོད་བསྒྱུར་བཅོས་བྱ་རྒྱུ་གཞི་འཛིན་སར་བྱས་པ་དང་། ཨར་ལས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བསྡོམས་པས་ཨར་ལས་ལས་རིགས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར2905.86ལེགས་འགྲུབ་བྱུང་བ་དང་། ཨར་ལས་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར1623.53ཟིན་པས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་བཟུང་བའི་བསྡུར་ཚད8%ཡན་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱས་པ་དང་། དཔལ་འབྱོར་གྱི་སྲོག་ཤིང་ཐོན་ལས་ཀྱི་གནས་བབ་བརྟན་པོ་ཡིན་པ་རེད། རང་ཞིང་གི་ཨར་ལས་ལས་རིགས་ཀྱི་ཁེ་ལས་གསོ་སྐྱོང་ཧུར་ཐག་བྱས་ཏེ། དམིགས་བསལ་རིམ་པའི་ཨར་ལས་ལས་རིགས་ཀྱི་ཁེ་ལས2དང་། རིམ་པ་དང་པོའི་ཨར་ལས་ལས་རིགས་ཀྱི་ཁེ་ལས3། ཞིང་ཆེན་ཡོངས་ཀྱི་ཨར་ལས་ལས་རིགས་ཀྱི་ཁེ་ལས2612བཅས་འཕེལ་རྒྱས་བཏང་ཞིང་། ཨར་ལས་ལས་རིགས་ཀྱི་ཁྲོམ་ར་གཙོ་བོའི་གཞི་ཁྱོན་རྒྱུན་མཐུད་ངང་འཕར་ནས། ཁེ་ལས་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད། རང་ཞིང་གི་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་འཕེལ་རྒྱས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་སྟེ། སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་སྨི་གྲུ་བཞི་མ་ཁྲི167གསར་དུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། རྒྱལ་ཁབ་རིམ་པའི་ཐོན་ལས་རྟེན་གཞི1དང་། ཞིང་ཆེན་རིམ་པའི་ཐོན་ལས་རྟེན་གཞི3བཅས་གསོ་སྐྱོང་བྱས་ཤིང་། ཞིང་ཆེན་རིམ་པའི་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་དཔེ་སྟོན་རྣམ་གྲངས་6དཔྱད་བསྡུར་གཏན་འབེབས་བྱས།