ཟླ4པའི་ཚེས15ཉིན་ནས་བཟུང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ཇེ་ལེགས་སུ་གཏོང་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཞུ་གཏུག་ཐེར་འདོན་གང་འདོད་དུ་སྤྱད་ནས་ལུགས་མཐུན་མིན་པའི་ཁེ་ཕན་ལེན་མི་ཆོག    

གསར་འགོད་པས་ཟླ1པའི་ཚེས10ཉིན་རྒྱུས་ལོན་བྱུང་བ་ལྟར་ན ། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་དུས་བབ་གསར་པའི་བླང་བྱ་གསར་པ་དང་འཚམ་པ་དང་། ཞུ་གཏུག་དང་ཐེར་འདོན་ཐག་གཅོད་ཀྱི་སྤུས་ཚད་དང་ཕན་ནུས་ཇེ་ཆེར་གཏོང་བ། འཛད་སྤྱོད་པ་དང་གཉེར་སྐྱོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སྔར་ལས་ལེགས་སྒྱུར་བཅས་བྱ་ཆེད། ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཞུ་གཏུག་དང་ཐེར་འདོན་ཐག་གཅོད་བྱེད་ཐབས》(གཤམ་དུ་བསྡུས་མིང་ལ《བྱེད་ཐབས》ཞེས་བརྗོད་རྒྱུ)ལ་བཟོ་བཅོས་བརྒྱབ་ནས་ཁྱབ་སྒྲོག་བྱས། 《བྱེད་ཐབས》བཟོ་བཅོས་ལག་བསྟར་བྱས་པ་དེས་གཅིག་གྱུར་དང་དབང་གྲགས་དང་། ཚན་རིག་དང་མཐུན་ཞིང་ནུས་པ་ཆེ་བ། དམངས་ལ་སྟབས་བདེ་སྐྲུན་པ་དང་ཁེ་ལས་ལ་ཕན་པའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཐད་ཀྱི་ཞུ་གཏུག་ཐེར་འདོན་ཐག་གཅོད་མ་ལག་འཐུས་ཚང་ནུས་ལྡན་དུ་གཏང་བ དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་འགན་སྲུང་བཅས་བྱེད་ཐུབ།

《བྱེད་ཐབས》ནི་དེ་སྔའི《ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཞུ་གཏུག་ཐེར་འདོན་ཐག་གཅོད་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས》ལ་བཟོ་བཅོས་བརྒྱབ་པ་ཞིག་ཡིན་ཞིང་། དོན་ཚན6གསར་དུ་བསྣན་པ་དང་དོན་ཚན22བཟོ་བཅོས་བརྒྱབ་པ་མ་ཟད། སྤྱད་འཐུས་ཁྱབ་ཁོངས་དང་དོན་ཚན་ཁག་ཅིག་གི་ཞིབ་བརྗོད་ཀྱང་འཐུས་ཚང་དུ་བཏང་ཡོད།

གཙོ་བོ་ཕྱོགས་བཞིའི་གནད་འགག་དག་བཅོས་བྱས། །    

ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་རྩོད་གཞི་སེལ་བར་སྐུལ་འདེད་གཏོང་དགོས། སྲིད་འཛིན་འདུམ་འགྲིག་གོ་རིམ་འཐུས་ཚང་དུ་བཏང་སྟེ་ཞུ་གཏུག་བདག་སྤྲོད་མི་བྱེད་པའི་བརྡ་ཐོ་དང་། གསལ་འབྱེད་ཞིབ་དཔྱད་ཚད་ལེན་གྱི་གོ་རིམ། མངགས་བཅོལ་འདུམ་འགྲིག་དང་འདུམ་འགྲིག་གི་དུས་ཚད། འདུམ་འགྲིག་གི་རྒུད་སྐྱོབ་སོགས་ལ་ཁ་གསབ་བཟོ་བཅོས་བྱས་པ། ཞུ་གཏུག་ཐག་གཅོད་བྱེད་པའི་འཚམས་འདྲིའི་ཕན་ནུས་ཀྱི་བླང་བྱ་གསར་དུ་བསྣན་པ།འཛད་སྤྱོད་སྔོན་བརྡ་དང་ཉེན་བརྡའི་གསལ་འདེབས་གཏོང་བའི་ནང་དོན་་གསར་དུ་བསྣན་པ་བཅས་ གཉེར་སྐྱོང་མཁན་གྱིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས་དང་། ཐོག་མར་འདྲི་རྩད་འགན་འཁུར་བ། སྔོན་ལ་སྐྱིན་ཚབ་འཇལ་བ། དྲ་ཐོག་རྩོད་གཞི་ཐག་གཅོད་སོགས་ལམ་སྲོལ་བརྒྱུད་འཛད་སྤྱོད་པའི་ཁེ་དབང་སྐོར་གྱི་རྩོད་གཞི་སྔོན་འགོག་དང་ཐག་གཅོད་བྱེད་པར་ཁྲིད་སྟོན་བྱས་ཏེ། འཛད་སྤྱོད་ཁོར་ཡུག་གི་འབྱུང་ཁུངས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ།  

ཞུ་གཏུག་བདག་སྐྱོང་ཇེ་ལེགས་སུ་བཏང་སྟེ་ལས་སྟེགས་ཀྱི་འགན་འཁྲི་དམ་ཟབ་གཏོང་དགོས། དྲ་ཐོག་ཚོང་ཁང་ཁག་ཅིག་གི་ཐོབ་ཐང་ཆ་འཕྲིན་དོན་དངོས་དང་མི་མཐུན་པ་དང་ལས་སྟེགས་ཀྱིས་རྩོད་གཞི་ཐག་གཅོད་བྱེད་པར་གཞོགས་འདེགས་བྱས་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། གསར་དུ་ཁ་སྣོན་བྱས་པའི་ལས་སྟེགས་ནང་གི་གཉེར་སྐྱོང་པས་ལས་སྟེགས་ཐོག་ཁྲིམས་ལྟར་ས་གནས་ཁྱབ་སྒྲོག་མ་བྱས་པའམ་ཡང་ན་ལས་སྟེགས་ཐོག་ཁྱབ་སྒྲོག་བྱས་པའི་ས་གནས་བརྒྱུད་ནས་འབྲེལ་གཏུག་བྱེད་ཐབས་བྲལ་ཚེ། ལས་སྟེགས་གཉེར་སྐྱོང་པའི་སྡོད་གནས་ཀྱིས་ཞུ་གཏུག་ཐག་གཅོད་བྱས་ཏེ། ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་དང་ཁོངས་གཏོགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་སྔར་ལས་ལེགས་འཁྱོངས་སུ་འཇུག་རྒྱུ། 

ཐེར་འདོན་གྱི་གོ་རིམ་ཇེ་ལེགས་སུ་བཏང་སྟེ་ཐག་གཅོད་ཀྱི་ཕན་ནུས་ཇེ་ཆེར་གཏོང་དགོས། ཐེར་འདོན་གྱི་རྣམ་པའི་ཆ་རྐྱེན་འཐུས་ཚང་དུ་བཏང་སྟེ་ཐེར་འདོན་གྱི་དོན་དངོས་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་ཆེར་བཏང་། ཐེར་འདོན་བསྐྱར་ཟློས་བྱས་ནས་ཐག་གཅོད་མི་བྱེད་པ་དང་གྱོད་གཞི་ཟླ་སྒྲིལ་ཐག་གཅོད་བྱེད་པའི་ལམ་སྲོལ་གསར་དུ་བསྣན་ནས་ཐེར་འདོན་དང་གསལ་བཤད་ཀྱི་གོ་རིམ་ཇེ་ལེགས་སུ་བཏང་སྟེ་གཞི་རིམ་སྲིད་འཛིན་གྱི་ལས་ཆོད་ཇེ་ཆེར་གཏོང་དགོས། མཚམས་སྦྱོར་བརྡ་ཁྱབ་ཁྱབ་ཁོངས་ཀྱི་ཐེར་འདོན་སྤེལ་སྤྲོད་གོ་རིམ་བསུབ་ནས་གྱོད་གཞི་གཅིག་མཐུན་གྱི་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། རྒྱལ་ཡོངས་ཀྱི་ལས་སྟེགས12315བརྒྱུད་ནས་གཅིག་གྱུར་གྱིས་ཐག་གཅོད་རིམ་པ་ཁ་གསལ་བྱས་ཏེ། གཞི་གྲངས་ཆེན་པོར་དབྱེ་ཞིབ་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱུ།

སྒྲིག་སྲོལ་ལམ་ལུགས་ཀྱིས་བསམ་བཞིན་དུ་གྱོང་གསབ་ལེན་པ་ཞིང་ལམ་ལུགས་གང་བྱུང་དུ་སྤྱོད་པའི་རིགས་སྔོན་འགོག་བྱ་རྒྱུ། གསར་དུ་སྤྱོད་པའི་གཏན་འབེབས་ནང་ཞུ་གཏུག་དང་ཐེར་འདོན་གྱི་དབང་ཆ་གང་བྱུང་དུ་སྤྱོད་པ་དང་། ལུགས་མཐུན་མིན་པའི་ཁེ་ཕན་ལེན་པ། གཉེར་སྐྱོང་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་བྱ་མི་ཆོག ཞུ་གཏུག་བྱེད་མཁན་གྱིས་ཐོབ་ཐང་ངོ་མའི་ཆ་འཕྲིན་དང་དེ་མཚུངས་ཀྱི་དོན་དངོས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱ་དགོས་པ་དང་། རྒྱུ་ཆ་རྫུན་མ་འདོན་སྤྲོད་བྱེད་པ་དང་། མི་གཞན་གྱི་མིང་གཡར་སྤྱོད་བྱེད་པ། ཐོབ་ཐང་ངོ་མ་ཞིབ་བཤེར་བྱེད་པར་གཞོགས་འདེགས་མི་བྱེད་པའི་རིགས་དང་ལེན་མི་བྱ།  ཁྲིམས་འཛུགས་ཀྱི་རིམ་པ་ནས་འཚོ་བའི་འཛད་སྤྱོད་ཀྱི་དགོས་མཁོར་བསམ་གཞིགས་བཏང་བའི་རྒྱུ་ལ་དཔེ་འཇོག་གི་སྒོ་ནསབརྡར་ཤ་གཅོད་པ། བཙན་ལེན་དང་སྐྱིན་ཚབ་གཡོ་ལེན་སོགས་ཁྲིམས་འགལ་གྱི་གྱོང་གསབ་ལེན་པའི་འདུམ་འགྲིག་མཚམས་འཇོག་་ཁ་གསལ་བཟོས་པ་མ་ཟད། སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དུ་འཇུག་རྒྱུ།

《བྱེད་ཐབས》དེ2026ལོའི་ཟླ4པའི་ཚེས15ཉིན་ནས་ལག་བསྟར་བྱ་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།