མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོ་ཡིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྦྱངས་འབྲས་གཟེངས་སུ་ཐོན་པ་བླངས།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ནི་མཚོ་སྔོན་གྱི་མཐོ་རིམ་སློབ་གསོའི་ཁྱབ་ཁོངས་སུ་གྲུབ་འབྲས་ཀྱི་གཏམ་བཟང་ཡང་ཡང་བསྒྲགས་པའི་ལོ་ལྔ་རེད། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་སློབ་གླིང་དང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་ནི་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་ནས་བཙུགས་པས། མཚོ་སྔོན་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་སློབ་ཆེན་དང་ལས་རིགས་དངོས་གཞིའི་ཚན་ཁག་གི་སློབ་ཆེན་མེད་པའི་སྟོང་ཆ་མཉམ་དུ་བསྐངས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོའི་སྤྱིའི་སློབ་ཞུགས་ཚད2025ལོར55%ཡས་མས་ཟིན། དེ་ནི2020ལོ་དང་བསྡུར་ན་བརྒྱ་ཆའི་གྲངས10ཙམ་ཆེས་ཆེར་འཕར། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ70%མཚོ་སྔོན་དུ་གཞི་ཚུགས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། གྲུབ་འབྲས་རབ་དང་རིམ་པ་དེ་དག་གིས་མཚོ་སྔོན་གྱི་མཐོ་རིམ་སློབ་གསོའི་ས་གནས་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། གྲུབ་ཚུལ་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་སྤུས་ཚད་ཇེ་མཐོར་གཏོང་བའི་ཐད་མ་ལག་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་ཡོད། དེའི་རྒྱབ་ཏུ་གསོན་ཉམས་ལྡན་པའི་མི་སྣ་རེ་རེའི་འབད་འཐབ་དང་ཕུགས་འདུན་ཡིན།
བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་སྟེ། མཐོ་རིམ་སློབ་གསོ་དང་ཐོན་ལས་དགོས་མཁོ་ཟློས་མཉམ་མཉམ་འདར་བྱ་དགོས།
མཚོ་སྔོན་ཞིང་ཆེན་གྱིས་འཆར་འགོད་སྣེ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་བྱས་ནས་སྲིད་ཇུས་མཐུན་སྦྱོར་དང་ཐོན་ཁུངས་བཀོད་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་སྟེ་མཐོ་རིམ་སློབ་གསོའི་རིགས་དབྱེ་འཕེལ་རྒྱས་དང་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་དེའི་མཐོ་རིམ་སློབ་གསོའི་ཐོན་ཁུངས་བལྟོས་བཅས་ཀྱིས་ཞན་པའི་གནས་ཚུལ་ལ་དམིགས་ནས། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་དང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་གཉིས་ཐེངས་གཅིག་ལ་གྲུབ་འབྲས་ཐོབ་པའི་ངང་བཙུགས་ཏེ། མཐོ་རིམ་སློབ་གསོའི་རིགས་དབྱིབས་བཀོད་སྒྲིག་གི་གལ་ཆེའི་ཁ་གསབ་མངོན་འགྱུར་བྱུང་ཡོད།
རིག་ཚན་ཆེད་ལས་འཛུགས་སྐྱོང་ཐད་མཚོ་སྔོན་གྱིས་ཞིང་ཆེན་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གལ་ཆེན་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་དང་། ཚྭ་མཚེའུ་ཐོན་ཁུངས། ནུས་རྒྱུ་གཙང་མ། དེང་རབས་ཞིང་ཕྱུགས་ལས། སྐྱེ་ཁམས་ཡུལ་སྐོར་སོགས་ཁྱད་ཆོས་ལྡན་པའི་རིག་ཚན་ཆེད་ལས་ཚོགས་པ་ཧུར་ཐག་བཏོད་ཡོད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་སུ་འབུམ་རམས་པའི་གནས9དང་རབ་འབྱམས་པའི་གནས40གསར་དུ་བསྣན་ནས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་ཆེད་ལས་ཀྱིས་བཟུང་བའི་བསྡུར་ཚད60%ལས་བརྒལ་ཡོད། རིག་ཚན་ཆེད་ལས་དང་གཙོ་གནད་ཐོན་ལས་བར་གྱི་སྙོམ་སྒྲིག་ཚད་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་ནས་སློབ་གསོའི་སྦྲེལ་ཐག་དང་། ཤེས་ལྡན་མི་སྣའི་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་བཅས་ཀྱི་འབྲེལ་མཐུད་ཉིན་རེ་བཞིན་དམ་ཟབ་ཏུ་འགྲོ་བཞིན་ཡོད།
ཁྱབ་ཁོངས་རྒྱ་སྐྱེད་དང་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ་དྲང་གཞག་ལ་སྐུལ་འདེད་བཏང་བ་སྟེ། སློབ་མ་སྔར་ལས་མང་བས་སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད་ད་དུང་མཚོ་སྔོན་དུ་གཞི་ཚུགས།
མཚོ་སྔོན་གྱི་སློབ་མ་སྔར་ལས་མང་བར་སྤུས་ལེགས་མཐོ་རིམ་སློབ་གསོའི་གོ་སྐབས་ལོངས་སུ་སྤྱོད་དུ་འཇུག་ཆེད། མཚོ་སྔོན་གྱིས་དངོས་གཞིའི་ཚན་ཁག་དང་ཞིབ་འཇུག་སློབ་མའི་གསོ་སྐྱོང་གཞི་ཁྱོན་མུ་མཐུད་རྒྱ་ཆེར་གཏོང་གི་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་གྲྭར་སྡོད་པའི་སློབ་མའི་གཞི་ཁྱོན2020ལོ་དང་བསྡུར་ན་མི་ཁྲི2ལྷག་འཕར་བ་དང་། དེའི་ནང་ཞིབ་འཇུག་སློབ་མའི་གཞི་ཁྱོན67%འཕར་བ་དང་མཐོ་རིམ་སློབ་གསོའི་སྤྱིའི་སློབ་གྲྭར་ཞུགས་ཚད་དེ་རྒྱལ་ཡོངས་ཀྱི་བར་ཐག་དང་ཇེ་ཉེར་ཕྱིན་ཡོད།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་སྒྲོལ་མ་ནི་སྲིད་ཇུས་དེའི་ཐད་ཀར་ཕན་པ་ཐོབ་མཁན་ཡིན། ཁྱིམ་གྱི་སློབ་ཆེན་སློབ་མ་དང་པོ་ཡིན་པའི་མོས་ཆེད་དོན་འཆར་གཞི་བརྒྱུད་མཚོ་སྔོན་སློབ་ཆེན་གྱི་ཕྱུགས་ལས་ཕྱུགས་སྨན་ཆེད་ལས་སུ་ཞུགས་པ་དང་ད་ཆ་རབ་འབྱམས་པའི་སློབ་གནས་སློབ་སྦྱོང་བྱེད་བཞིན་ཡོད། “གལ་ཏེ་མཐོ་རིམ་སློབ་གྲྭའི་སློབ་མ་ཇེ་མང་དུ་གཏོང་བ་དང་ཕྱོགས་ངེས་གསོ་སྐྱོང་སྲིད་ཇུས་མེད་ན། ང་རང་སློབ་ཆེན་ཡག་པོ་འདི་འདྲ་ཞིག་ཏུ་འགྲོ་མི་ཐུབ་ལ་ཞིབ་འཇུག་སློབ་མར་སྔར་ལས་ཀྱང་འགྲོ་མི་ཐུབ”ཅེས་མོས“སློབ་གྲྭ་མཐར་ཕྱིན་རྗེས་རང་ངེས་པར་དུ་ཕ་ཡུལ་དུ་ལོག་ནས་རང་གིས་སྦྱངས་པའི་དེང་རབས་གསོ་སྤེལ་ལག་རྩལ་སྤྱད་དེ་ཡུལ་མི་ཚོར་རོགས་རམ་བྱ་དགོས”ཞེས་བཤད།
གཞི་ཁྱོན་རྒྱ་བསྐྱེད་པ་དང་དུས་མཚུངས་མཚོ་སྔོན་གྱིས“མཐོ་རིམ་སློབ་གསོའི་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་བའི་བྱ་སྤྱོད”ལག་བསྟར་བྱེད་མགོ་བཙུགས་ནས་མི་གསོ་སྐྱོང་གི་གཞི་གནས་བརྟན་སྲུང་དང་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭས་རིམ་རྩིས་བྱས་ན་སློབ་ཆེན་མཐར་ཕྱིན་སློབ་མ་ཁྲི14ལྷག་གསོ་སྐྱོང་བྱས་པ་དང་། དེའི་ནང70%ཡིས་མཚོ་སྔོན་དུ་ལས་ཞུགས་དང་ལས་གཏོད་བྱས། ལས་རིགས་ཁག་ཏུ་ཁྱབ་ནས་ས་གནས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྐང་འཛིན་སྟོབས་ཤུགས་སུ་མགྱོགས་མྱུར་འཚར་ལོངས་བྱུང་ནས་ས་གནས་དེའི་ཆེད་ལས་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་ཐུབ་པ་བྱུང་ཡོད།
ནང་འདྲེན་དང་གསོ་སྐྱོང་མཉམ་སྤེལ། ཤེས་ལྡན་མི་སྣ་འདུ་འཛོམས་བྱེད་པ་སྟེ། མཐོ་སྒང་གི་ཤེས་ལྡན་མི་སྣའི“མཛོད”བསྐྲུན་པ།
མཚོ་སྔོན་གྱིས་མཐོ་རིམ་སློབ་གྲྭའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། མཐོ་སློབ་ཁག་གིས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་ཤུགས་ཆེན་བྱེད་པར་རྒྱབ་སྐྱོར་བྱས། མིག་སྔར་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཆེད་གཉེར་དགེ་རྒན་ཁྲོད་རབ་འབྱམས་པ་ཡན་གྱི་སློབ་གནས་ཡོད་པའི་བསྡུར་ཚད74%ལས་བརྒལ་བ་དང་། ནང་འདྲེན་གསོ་སྐྱོང་བྱས་པའི་འབུམ་རམས་པའི་སློབ་གནས་ཡོད་པའི་དགེ་རྒན1166ཟིན་ཡོད། གཞན་ཡང་ད་དུང་འབུམ་རམས་པ་རྗེས་ཀྱི་ཚན་ཞིབ་སྐོར་སྐྱོད་ས་ཚིགས4ལ་ཆོག་མཆན་བདེ་བླག་ངང་ཐོབ་པ་དང་ཡོན་ཧྲི་ལས་དོན་ས་ཚིགས2བཙུགས་པ་དང་། རིམ་པ་ལུགས་མཐུན་དང་གསོན་ཤུགས་ལྡན་པའི་ཤེས་ལྡན་མི་སྣའི་སྐས་རིམ་ཐོག་མར་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་བརྟན་ལྷིང་དང་རྒྱུན་མཐུད་ཀྱི་རིག་སྟོབས་རྒྱབ་སྐྱོར་བྱས་ཡོད།
ལོ་གསུམ་གྱི་གོང་འབུམ་རམས་པ་ཞའོ་པིན་ལ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ལྷག་བསམ་དང་མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱིས་ཡིད་དབང་བཀུག་ནས་ཁྱིམ་ཚང་ཚང་མ་ཟི་ལིང་དུ་སྤོས་ཡོད། “འདིར་མཚོ་འཕགས་མཐོ་མོད། འོན་ཀྱང་ཚན་རིག་ཞིབ་འཇུག་གི་གར་སྟེགས་ཧ་ཅང་རྒྱ་ཆེན་པོ་ཡོད། ”ད་ཆ་ཁོང་གིས་སྣེ་ཁྲིད་པའི་ཚོགས་པས་མཐོ་སྒང་གི་སྐྱེ་ཁམས་ཁྱབ་ཁོངས་སུ་ཚད་བརྒལ་མང་པོ་ཐོབ་ཡོད།
ནུས་ཤུགས་གཅིག་སྒྲིལ་གྱིས་གསར་གཏོད་བྱས་ནས་འགན་འཁུར་མངོན་པ་སྟེ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཚོད་ལྟ་ཁང་ནས་ཐོན་སྐྱེད་ཁང་དུ་བསྐྱོད་པ།
མཚོ་སྔོན་གྱིས་མཐོ་རིམ་སློབ་གྲྭས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ཞིང་ཆེན་དེའི་འཕེལ་རྒྱས་དགོས་མཁོར་དམིགས་ཏེ་ནུས་ཚད་མཐོ་བའི་ཚན་རྩལ་གསར་གཏོད་སྟེགས་བུ་བསྐྲུན་པར་སྐུལ་འདེད་བཏང་། རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྱར་སྒྲིག་ལེགས་འགྲུབ་བྱུང་བ་དང་། གཙང་གསུམ་འབྱུང་ཡུལ་འཁོར་སྐར་དང་པོ་བདེ་བླག་ངང་འཕེན་གཏོང་བྱས་པས། མཚོ་སྔོན་མཐོ་རིམ་ཞིབ་འཇུག་ཁང་དངོས་གཟུགས་ཅན་དུ་འཁོར་སྐྱོད་བྱེད་པའི་དུས་རིམ་གསར་པའི་ནང་བསླེབས་ཡོད། མཐོ་རིམ་སློབ་གྲྭ་ཁག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གྱི“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ཚན་རིག་ཞིབ་འཇུག་གི་ཁ་ཕྱོགས་ཞིབ་ཕྲ་བཏང་བ་དང་། ཚན་རིག་ཞིབ་འཇུག་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར17ལས་བརྒལ་བ་བཏང་ནས་ཉེར་སྤྱོད་རིན་ཐང་གལ་ཆེན་ལྡན་པའི་གྲུབ་འབྲས་ཁག་ཅིག་ཐོན།
མཚོ་སྔོན་སློབ་ཆེན་ཞིང་ལས་ནགས་ལས་ཚན་རིག་ཁང་གི་ཞིབ་འཇུག་པ་ཝང་ཅན་གྱིས་ཚོགས་པའི་སྣེ་ཁྲིད་ནས་གསོ་སྐྱོང་བྱས་པའི“མཚོ་སྔོན་གྱི་ཞོག་ཁོག9པའི”ཞོག་ཁོག་སོན་རིགས་བསྟུད་མར་ལོ་བཞི་ཁྱབ་སྤེལ་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས། ཝང་ཅན་གྱིས“ང་ཚོའི་ས་བོན་ཞིང་ནང་དུ་རྩ་བ་རྒྱས་ཤིང་མྱུ་གུ་འབུས་པ་མཐོང་དེ་དང་། ཞིང་པའི་ཐོན་འབབ་འཕར་སྣོན་ཡོང་བར་རོགས་རམ་བྱས་པ་མཐོང་ན་དེ་ནི་ཚན་རིག་ཞིབ་འཇུག་ལས་བྱེད་པའི་བདེ་སྐྱིད་ཆེ་ཤོས་ཡིན”ཞེས་བཤད། ད་ཆ་ཁོང་གི་ཚོགས་པས་གནམ་གཤིས་འགྱུར་ལྡོག་དང་སྔར་ལས་འཚམ་པའི་ཞོག་ཁོག་གི་སྣ་ཁ་གསར་པ་གསོ་སྐྱོང་གི་ལས་ལ་གཞོལ་བཞིན་ཡོད།
ལོ་བཞི་བསྟུད་མར་ཁྱབ་སྤེལ་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པའི་ཞོག་ཁོག་སོན་རིགས“མཚོ་སྔོན་ཞོག་ཁོག་ཨང9”ནས་དབྱང་རླུང་གསོ་པའི་སྨན་རྫས་དང་། ཚྭ་མཚེའུ་ཐོན་ཁུངས་ནུས་ཆེའི་བེད་སྤྱོད་ལག་རྩལ། འགག་རྩའི་སྐྱེ་ཁམས་ཉམས་གསོ་ལག་རྩལ་སོགས་བར་མཐོ་སློབ་ལས་བྱུང་བའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རབ་དང་རིམ་པ་མགྱོགས་མྱུར་ངང་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་བཞིན་ཡོད། ཚན་རྩལ་ནུས་སྐྱེད་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་པའི་གོང་འཕེལ་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་གཞི་གཅིག་ཅན་གྱི་འཕེལ་རྒྱས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། མཐོ་རིམ་སློབ་གསོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གསོའི་བཅོས་བསྒྱུར་དང་གསར་གཏོད་མུ་མཐུད་དུ་གཏིང་ཟབ་ཏུ་དང་། མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་དང་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར། མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་དང་མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་དོན་འཁྱོལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཅས་གཏོང་བར་སྔར་ལས་སྲ་བརྟན་གྱི་རྒྱབ་སྐྱོར་ནུས་པ་དང་བྱས་རྗེས་ནུས་པ་འདོན་སྤྲོད་བྱ་དགོས།