ཟླ1པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གྲུབ་ཆ་མུ་མཐུད་ཇེ་ལེགས་སུ་བཏང་ནས་རིམ་འཕར་བྱས་ཏེ། 2025ལོར་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་ཧ་ལམ་སྟོང་ཝ་བྱེ་བ་བརྒྱད་དང་ས་ཡ་བཞི་འབུམ་ལྔ་ཟིན་ཡོད་ཅིང་། དེའི་ནང་ནུས་ཁུངས་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་སྟོང་ཝ་བྱེ་བ་དྲུག་དང་ས་ཡ་གཉིས་འབུམ་གཉིས་ཁྲི་དགུ་ལས་བརྒལ་ནས་ནུས་ཁུངས་སྤྱིའི་བསྡུར་ཚད་ཀྱི73%ཟིན་ཡོད་ལ། ནུས་ཁུངས་གསར་པའི་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་དངོས་སུ50%ལས་བརྒལ་ཡོད་པའི་དབང་གིས། “གཙོ་བོ་གཉིས”ཀྱི་གནས་བབ་སྔར་ལས་སྲ་བརྟན་དུ་སོང་ཡོད་པར་མ་ཟད། མཚོ་སྔོན་ལ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིངས།
རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་དང་པོ་ཡིན་པའི་མཚོ་སྔོན་ལ། “འོད་དང་རླུང་། ཆུ”བཅས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་དམིགས་བསལ་བ་ལྡན། མ་བཅོས་རང་བྱུང་གི་ཁྱད་སྟོབས་དེས་མཚོ་སྔོན་ལ་ནུས་ཁུངས་ཚུལ་སྒྱུར་གྱི་རླབས་རྒྱུན་ཁྲོད་གོ་སྐབས་སྔོན་མ་ཟིན་པར་བྱས་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས “ནུབ་གློག་ཤར་སྐྱེལ”གྱི་འཕེལ་རྒྱས་གྲུབ་ཚུལ་ཁྲོད་རང་འགུལ་ངང་མཉམ་འདྲེས་ཡོང་བར་འབད་དེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། “ནུས་ཁུངས་ཀྱི་གཏེར་ཁ་འཛོམས་པོ”ནས“ལྗང་མདོག་གློག་གི་མཐོ་ས”སུ་རིམ་བཞིན་བསྒྱུར་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་ཁྱབ་ཁོངས་སུ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་ལྔ་ཐེར་འབུམ་གསུམ་དུང་ཕྱུར་གསུམ་བཏང་བའི་ནང་། ནུས་ཁུངས་གཙང་མའི་དངུལ་གཏོང་བསྡུར་ཚད་ཀྱིས་བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་བདུན་ཟིན་ཡོད་ཅིང་། བསྟུད་མར་ལོ་གཉིས་ཀྱི་རིང་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཐེར་ཆེན་ལྔ་ལས་བརྒལ་ཏེ། ནུས་ཁུངས་བརྟན་པོའི་ངང་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྨང་གཞི་རྐང་རྟེན་དུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་མ་ལག་དེ་གནས་བབ་དང་བསྟུན་ནས་མདུན་སྐྱོད་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ” འགོ་རྩོམ་པའི་ལོར་ནུས་ཤུགས་ཡོད་རྒུས་ནུས་ཁུངས་གཙང་མ་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།