ཟླ1པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་གྱི“ཆེས་མཛེས་པའི་ལས་བཟོ་བའི”ཁྱབ་བསྒྲགས་མཛད་སྒོ་བསྡུས། ཧྲིང་ཀྲང་གཞོན་པ། སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧུང་ཡ་ཚོགས་འདུར་ཞུགས་པ་མ་ཟད་བྱ་དགའ་བྱིན།
མཚོ་སྔོན་ཞིང་ཆེན་གྱི“ཆེས་མཛེས་པའི་ལས་བཟོ་བའི”དྲིལ་བསྒྲགས་འདེམས་སྒྲུག་བྱེད་སྒོའི་བཀོད་སྒྲིག་གཞིར་བཟུང་ནས། དྲིལ་བསྒྲགས་གཏིང་ཟབ་དང་། ཞིབ་དཔྱད་འོས་སྦྱོར་ནན་མོ་བཅས་བྱས་ཏེ། ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་དང་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ། གྲུབ་འབྲས་འབུར་ཐོན་ཡིན་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་མི་སྣ་སྐོར་ཞིག་གཅིག་བསྡུས་སྒོས་བདམས་ནས། ཧུར་ཐག་གིས་སྤྱི་བདེ་ལས་དོན་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་བྱ་བའི་ཁྲོད་ལས་རོགས་ཉེན་རྟོག་པའི་སྔོན་ཐོན་དཔེ་མཚོན་ལ་སྐུལ་འདེད་བཏང་། འོས་སྦྱོར་དང་དཔྱད་ཞིབ་ཐེངས་མང་བྱས་པ་བརྒྱུད། བཀྲ་ཤིས་དོན་འགྲུབ་དང་ཆིན་ཧྥ་ཧུའེ། བཀྲ་ཤིས་རྡོ་རྗེ། ཁྲིན་ཧུའེ། མཱ་ཧྲོའུ་དབྱི། ཚེ་རིང་བསམ་འགྲུབ། ཚེ་རིང་བསམ་འགྲུབ། ཉི་མ་བཀྲ་ཤིས། ལི་ཧྥུ་ཀྲི། ཀུའོ་ཞུའེ་བཅས་བློ་མཐུན་བཅུ2026ལོའི་མཚོ་སྔོན་ཞིང་ཆེན་གྱི“ཆེས་མཛེས་པའི་ལས་བཟོ་བར”དྲིལ་བསྒྲགས་བྱས་ནས་འདེམས་རྒྱུའི་ཐག་བཅད།
ཁོ་ཚོའི་ཁྲོད་ཀྱི་མི་ལ་ལ་ནི་མཚོ་འཕགས་སྨི4700ཡིན་པའི་གདང་ལ་རི་བོ་ནས་ཐོན་པ་དང་། ཚེ་སྲོག་གི་བཀག་སྡོམ་ཁུལ་དུ་མཁའ་ལམ་སྲུང་བཞིན་ཡོད། ལ་ལ་ཨ་ཆེན་གངས་རྒྱབ་མི་མེད་ས་ཁུལ་དུ་གཞི་ཚིགས་ནས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་བཞིན་ཡོད། ལ་ལས་རྨ་ཆུའི་འགོ་ཁུངས་སྲུང་སྐྱོང་བྱས་ནས་གངས་རླུང་དང་ས་ཡོམ་ཁྲོད་དུ་བདེ་འཇགས་ཀྱི་ཆུ་རགས་བརྟན་པོ་བསྐྲུན་བཞིན་ཡོད། ལ་ལ་ཁྲོམ་གཞུང་དང་སྲང་ལམ་དུ་བསྐྱོད་ནས་རླངས་འཁོར་གྱི་འཁོར་རྒྱུག་དེ་གོ་རིམ་ལྡན་པའི་སྙན་ངག་གི་ཐིག་ཕྲེང་ལྟ་བུར་བསྒྱུར་བཞིན་ཡོད། ལ་ལ་མྱུར་བགྲོད་གཞུང་ལམ་དུ་སྐོར་སྐྱོད་བྱས་ནས་ལམ་ཐག་རིང་པོ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འཁུར་བཞིན་ཡོད། ལ་ལས་སྡེ་ཁུལ་གྱི་སྲང་ལམ་དུ་གཞི་བཙུགས་ཏེ་དམངས་ཀྱི་བདེ་སྡུག་གི་ཆེད་འདུར་རྒྱུག་བྱེད་བཞིན་ཡོད། ལ་ལས་ལག་རྩལ་ལ་བློ་རྩེ་གཅིག་ཏུ་གཞོལ་ནས་ཚབ་རྟགས་ལ་བརྟེན་ནས་ཉེན་རྟོག་པའི་དངོས་འཐབ་ཐད་འབད་བཞིན་ཡོད། ལ་ལས་ལས་གནས་བརྟན་སྲུང་བྱས་ནས་གཟབ་ནན་གྱིས་བཙོན་ཁང་གི་ལྟ་སྲུང་བདེ་འཇགས་ལ་འདེགས་སྐྱོར་བྱེད་ཀྱིན་ཡོད། ལས་གནས་དང་གཡུལ་ས་མི་འདྲ་མོད། འོན་ཀྱང་ལྷག་བསམ་རྣམ་དག་དང་བྱས་རྗེས་འཇོག་འདོད་པའི་སྙིང་སྟོབས་དེས་གཙང་པོའི་འབྱུང་ཡུལ་གྱི་ས་གཞི་ཆེན་པོའི་སྟེང་ཆེས་སྲ་བརྟན་དང་དྲོད་སྐྱིད་ལྡན་པའི་བདེ་འཇགས་ཀྱི་རྨང་གཞི་བསྐྲུན་ཡོད།