ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བ་དང་ལུས་གསོ་ཞབས་ཞུའི་སྤུས་འབྲས་ཇེ་ལེགས་སུ་སོང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

2025ལོར། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བ་དང་ལུས་གསོ་ཞབས་ཞུའི་དགོས་མཁོར་དམིགས་ཏེ། སྤྱི་ཚོགས་འགན་སྲུང་དང་ལུས་གསོ་ཞབས་ཞུ་ཡོངས་ཁེབས་རང་བཞིན་ནས་སྤུས་འབྲས་འཕར་བར་ཚུལ་སྒྱུར་ཐུབ་པར་མུ་མཐུད་དུ་སྐུལ་འདེད་བཏང་། 2025ལོར། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དངུལ་གྱི་ཚད་གཞི་དེ2016ལོར་ལམ་ལུགས་བཙུགས་པའི་ཚུན་དུ་ཐོག་མར་ཇེ་མཐོར་གཏོང་བ་མངོན་འགྱུར་བྱུང་སྟེ། མི་རེ་ལ་ཟླ་རེར་སྒོར20ཁ་སྣོན་བྱས་པ་དང་། དེ་ལས་དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན་ཁྲི་བདུན་ལྷག་ལ་ཕན་ཐོགས།

《དཀའ་ཁག་ཅན་གྱི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་སྦྱོར》པར་འགྲེམས་ལག་བསྟར་བྱས་ཏེ་སྲིད་ཇུས་གནད་འཁེལ་སྒོས་དོན་འཁྱོལ་ཐུབ་པར་ཁག་ཐེག་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་དབང་བོ་སྐྱོན་ཅན་འབུམ་གཅིག་དང་སྟོང་བཞི་བརྒྱ་དང་གཅིག་གིས་ཁ་གསབ་དངུལ་སྣ་གཉིས་ལོངས་སུ་སྤྱོད་ཐུབ་པར་གྱུར་ཅིང་། མི་ཁྲི་བདུན་དང་སྟོང་གཅིག་དྲུག་བརྒྱ་རེ་གཉིས་ཀྱིས་འཚོ་བའི་ཁ་གསབ་ལོངས་སྤྱོད་བཞིན་ཡོད་ལ། མི་ཁྲི་བདུན་དང་སྟོང་དྲུག་ཞེ་གཅིག་གིས་བདག་སྐྱོང་ཁ་གསབ་ལོངས་སྤྱོད་བཞིན་ཡོད་པས། ལོངས་སྤྱོད་འོས་པ་ཐམས་ཅད་ལོངས་སྤྱོད་ཐུབ་པར་གྱུར་ཅིང་སྟེར་འོས་པ་ཐམས་ཅད་སྟེར་ཐུབ་པར་གྱུར་ཡོད།

བཅོལ་གཉོར་ཞབས་ཞུ་སྤུས་འདེགས་རྒྱ་བསྐྱེད་བཏང་། ཞིང་ཆེན་རིམ་པའི་ནོར་སྲིད་ལས་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་འབུམ་གཅིག་ཁྲི་གཅིག་གཏོང་ལེན་བྱས་ཏེ། ལས་ཁུངས་བཅོལ་གཉོར་དང་། སྡེ་ཁུལ་བདག་སྐྱོང་། ཁྱིམ་སྡོད་ཞབས་ཞུ་སོགས་རྣམ་པ་སྣ་མང་བརྒྱུད་མཐར། དབང་བོ་སྐྱོན་ཅན་སྟོང་བཞི་ཉིས་བརྒྱ་དོན་བདུན་ལ་ཆེད་ལས་ཅན་གྱི་བདག་སྐྱོང་འདོན་སྤྲོད་བྱས་ཤིང་ཁྱིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རོགས་བྱས། གེགས་མེད་ཁོར་ཡུག་བསྐྲུན་པར་དུས་མཉམ་དུ་སྐུལ་འདེད་བཏང་སྟེ། དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་སྟོང་གཅིག་ཉིས་བརྒྱ་གྱ་གཉིས་ཀྱི་ཁྱིམ་དུ་གེགས་མེད་བསྒྱུར་བཅོས་བཏང་ཞིང་། དེའི་ཁྲོད་ཅི་ཧྲི་ཧྲན་ས་ཡོམ་གནོད་ཐེབས་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་བདུན་བརྒྱ་དྲུག་ཅུར་སྔོན་ལ་འགན་སྲུང་ཐོབ་པར་བྱས། དེ་ལས་གཞན། ཆ་རྐྱེན་དང་མཐུན་པའི་དབང་བོ་སྐྱོན་ཅན་སྟོང་གཅིག་བརྒྱ་དང་བརྒྱད་ཅུ་ལ་འཕྲུལ་སྒུལ་རྐུབ་སྟེགས་ཀྱི་སྣུམ་རིན་ཁ་གསབ་བྱིན་ནས། འགྲོ་བསྐྱོད་ཁེ་དབང་ལ་སྲུང་སྐྱོབ་ཐོབ་པར་བྱས།

ལུས་གསོ་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད། ལོ་ཧྲིལ་བོར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ལུས་གསོའི་མ་དངུལ་སྒོར་བྱེ་བ་བཞི་འབུམ་བདུན་ཁྲི་དགུ་བརྩོན་ལེན་བྱས་ཏེ། ཕྲུ་གུ་དམར་རྗེན་ནས་ལོ་བཅུ་བདུན་ཅན་གྱི་བྱིས་པ་དབང་བོ་སྐྱོན་ཅན་གྱི་ལུས་གསོ་རོགས་སྐྱོབ་དང་རོགས་འདེགས་ཡོ་བྱད་བཀོད་སྒྲིག་གཙོར་བཟུང་ནས་རྒྱབ་སྐྱོར་བྱས། ལོ་ཧྲིལ་བོར་དབང་བོ་སྐྱོན་ཅན་ཁྲི་གསུམ་དང་སྟོང་གསུམ་དགུ་བརྒྱ་བདུན་ལ་ལུས་གསོ་སྨན་བཅོས་དང་། སྦྱོང་བརྡར། རོགས་འདེགས་ཡོ་ཆས་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། ལུས་གསོ་ཞབས་ཞུའི་ཚད་དང་རོགས་འདེགས་ཡོ་བྱད་བཀོད་སྒྲིག་ཚད་བསྟུད་མར་ལོ་ལྔའི་རིང་བརྒྱ་ཆའི་གོ་དགུ་ཡན་བརྟན་འཇགས་སྲུང་འཛིན་བྱས་ཡོད་ལ། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད། མིས་བཟོས་རྣ་འཁྱིལ་ཐད་ཀྱི་རྒྱལ་ཁབ་ཀྱི་གཅིག་བསྡུས་འབོར་གྲངས་ཉོ་སྒྲུབ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རྣ་བར་སྐྱོན་ཞུགས་པའི་བྱིས་པ་ཉེར་ལྔར་རིན་མེད་སྒོས་ནང་འཇུག་བཤེགས་བཅོས་བྱས་པས། ཁྱིམ་ཚང་གི་ཁུར་བོ་མངོན་གསལ་སྒོས་ཇེ་ཡང་དུ་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།