མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལ་སྒོར་དུང་ཕྱུར་བཞི་གྲབས་གསོག་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་ཟབ་མོ་བྱེད་ཆེད།      མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བའི་ལག་བསྟར་ཇུས་གཞི》བཏོན་ནས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་བཞུར་རྒྱུན་གྱི་རྗོང་གི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བྱེད་པོའི་འགན་འཁྲི་དངོས་འབེབས་བྱས་ཏེ་བཞུར་རྒྱུན་གྱི་སྟོད་སྨད་བར་གསུམ་གྱིས་སྲུང་སྐྱོབ་ཆེན་པོ་མཉམ་དུ་འཛིན་པ་དང་བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་།

《ཇུས་གཞི》ལས་གཙོ་གནད་ས་ཁོངས་ནས་ཞིང་ཆེན་ཡོངས་ལ་ཁྱབ་པའི་ཐོད་བརྒལ་གསར་པ་ཐོག་མར་མངོན་འགྱུར་བྱས།  གཞུང་ཕྱོགས་དང་འཕྲེད་ཕྱོགས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་སྟོད་སྨད་རྒྱུད་དང་གཡས་གཡོན་འགྲམ་གཉིས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་མཉམ་འབྲེལ་རང་བཞིན་ལ་གཅིག་གྱུར་འཆར་འགོད་དང་ཕན་ཚུན་ལྟ་རྟོག་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་ལྔ་ལ་ཁྱབ་པའི་གཞུང་ཕྱོགས་ཁ་གསབ་རྐྱེན་སྲོལ་བཙུགས་པ་དང་།    རྫོང་དང་ཆུས་སོ་དགུའི་བར་འཕྲེད་ཕྱོགས་ཀྱི་ཁ་གསབ་རྐྱེན་སྲོལ་ཐོག་མར་བཙུགས་ཏེ་ཁ་གསབ་ས་ཁོངས་སུ་ཆད་ལུས་མེད་པ་དང་འགན་འཁྲིའི་བྱེད་པོ་ཁྱོན་ཡོངས་ལ་ཁྱབ་པར་འགན་ལེན་བྱས།  དེ་དང་མཉམ་དུ།   ཁ་གསབ་གཞི་ཁྱོན་ཆེ་རུ་བཏང་སྟེ་ཞིང་ཆེན་དང་རྫོང་བཅས་ཀྱིས་མཉམ་དུ་མ་དངུལ་སྒོར་དུང་ཕྱུར་བཞི་གྲབས་གསོག་བྱས་པ་དང་།    འཕར་ཚད་བརྒྱ་ཆའི་སོ་གསུམ་ལ་སླེབས།

《ཇུས་གཞི》བཏོན་པ་དེས་སྟོད་སྨད་རྒྱུད་ཀྱི་ས་ཁུལ་ལ“ཕྱོགས་རྐྱང་ཁ་གསབ”ནས“ཕྱོགས་གཉིས་བསྐྱོད་པའི”བར་གྱི་ཁྱོན་ཡོངས་འགྱུར་ལྡོག་བྱུང་ཡོད།     གཙོ་གནད་བཞུར་རྒྱུན་གྱི་སྐྱེ་ཁམས་ཀྱི་བྱེད་ནུས་ངེས་གནས་དང་འཕེལ་རྒྱས་དངོས་ལ་གཞི་ཚུགས་ནས་སྨད་རྒྱུད་ཀྱིས་སྟོད་རྒྱུད་ཕྱོགས་ལ་ཁ་གསབ་བྱེད་པའི་སྲོལ་རྒྱུན་གྱི་རྣམ་པ་གཏོར་ཏེ།  ས་གནས་ཀྱི་ལྷན་སྐྱེས་ཀྱི་ཐོན་ཁུངས་ཀྱི་མཐུན་རྐྱེན་ལ་བསམ་གཞིགས་གང་ལེགས་བྱས་པར་མ་ཟད།     རྗེས་ཐོབ་ཀྱི་བཅོས་སྐྱོང་འབད་བརྩོན་གྱི་ཕན་འབྲས་ཀྱང་གཙོ་གནད་དུ་བཟུང་ནས་བྱ་དགའ་དང་ཆད་གཅོད་གསལ་པོ་ཡོད་པའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཡོད།     གཞུང་ཕྱོགས་ཁ་གསབ་ཐད་ནས“སྲུང་སྐྱོབ་བྱེད་མཁན་ལ་ཁེ་ཕན་ཐོབ་པ་དང་བཀོལ་སྤྱོད་མཁན་གྱིས་མ་དངུལ་སྤྲོད་པ།     གཏོར་བརླག་མཁན་གྱིས་སྐྱིན་ཚབ་འཇལ་བ་བཅས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  ཆུའི་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་ཆུ་ཁུངས་ཉར་ཚགས་ནུས་པ་མཐོར་འདེགས་གཏོང་བ།     ཆུའི་ཐོན་ཁུངས་ཕྱོགས་བསྡུས་དོ་དམ་སོགས་འགག་རྩའི་དམིགས་ཚད་དེ་བསྡུར་ཚད8:1:1གཞིར་བཟུང་ནས་གཞུང་ཕྱོགས་ཁ་གསབ་ཞིབ་རྩིས་མ་ལག་ནང་བཅུག་པ་མ་ཟད།     དཔྱད་ཞིབ་དམིགས་ཚད་སྔར་བས་ཞིབ་ཕྲ་བྱས་ཏེ་ཆུ་གཤིས་ཚད་གཞིར་སླེབས་པའི་རྨང་གཞིའི་ཐོག་ཆུ་གཤིས་འགྱུར་ལྡོག་ཚད་ཀྱི་དམིགས་ཚད་དང་བཙོག་ཆུ་གཙང་སེལ་བཟོ་གྲྭ་སོགས་ཀྱི་དམིགས་ཚད་གསར་དུ་བསྣན་པ།     ནགས་ཚལ་དང་རླན་ས། རྩྭ་ཐང་བཅས་ཀྱི་རྒྱ་ཁྱོན་གྱི་རྨང་གཞིའི་ཐད་རྒྱ་ཁྱོན་འགྱུར་ལྡོག་ཚད་ཀྱི་དམིགས་ཚད་གསར་དུ་བསྣན་པ་དང་། ཁ་གསབ་ཚད་གཞི་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱས་རྗེས་འཇོག་ཚད་གནད་ལ་འཁེལ་བའི་འབྲེལ་མཐུད་བྱས་ཡོད།     འཕྲེད་ཕྱོགས་ཁ་གསབ་ཐད་འབྲི་ཆུ་དང་རྨ་ཆུ།     རྫ་ཆུ་བཅས་ཆུ་ལག་གི་རྫོང་མཚམས་བརྒལ་བའི་ཆུ་གཤིས་བཅད་ངོས་ཀྱི་མཱན་མཐོ་སྐྱུར་ཚྭ་སྟོན་གྲངས་དང་ཨན་ཏན། སྤྱི་ལིན་བཅས་སྦག་བཙོག་དངོས་པོ་གཙོ་བོ་གསུམ་གྱི་གར་ཚད་དམིགས་ཚད་ཀྱི་ལོ་རེའི་ཆ་སྙོམས་ཀྱི་འགྱུར་ལྡོག་ཚད་དེ་ཁ་གསབ་གཙང་རྩིས་ཀྱི་གཞི་འཛིན་ས་རུ་བརྩིས།     ཚན་རིག་དང་མཐུན་པའི་སྒོ་ནས་བར་ཆོད་ཁུལ་བཙུགས་ཏེ་ཆུ་གཤིས་ཀྱི་འགྱུར་ལྡོག་ཚད5%ལས་ཆེ་བ་དང་མཚུངས་པའི་དུས་སུ་ཁ་གསབ་བྱེད་འགོ་ཚུགས་པ་མ་ཟད།   འགྱུར་ལྡོག་གི་སྐས་ཚད་གསུམ་ལྟར་ཁྱད་པར་ཅན་གྱི་ཁ་གསབ་ཚད་གཞི་གཏན་འཁེལ་བྱས་ཏེ། ཆུ་གཤིས་འགྱུར་ལྡོག་ཚད་ཅི་ཙམ་ཆེ་ན་དེའི་ཁ་གསབ་ཚད་གཞི་དེ་ཙམ་གྱིས་མཐོ།

གཞན་ཡང་རྫོང་སོ་སོ་བར་གྱི་འཕྲེད་ཕྱོགས་ཁ་གསབ་མ་དངུལ་དུས་ཐོག་ཏུ་དོན་འཁྱོལ་དང་གྲངས་འབོར་འདང་ངེས་ཀྱི་དངུལ་སྤྲོད་འགན་ལེན་བྱ་ཆེད།     ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་གིས་གཞུང་ཕྱོགས་ཁ་གསབ་མ་དངུལ་ལ་གཅིག་གྱུར་བགོ་བཤའ་བརྒྱབ་རྗེས། བཅད་ངོས་ཀྱི་ཆུ་གཤིས་འགྱུར་ལྡོག་སྐས་རིམ་ལྟར་སྟོད་སྨད་རྒྱུད་ཀྱི་འཕྲེད་ཕྱོགས་ཁ་གསབ་མ་དངུལ་གཅིག་གྱུར་བྱས་ནས་གཙང་རྩིས་བྱས་ཏེ། “སྐྱེ་ཁམས་ཀྱི་ཁུག་དམར”སྒོར་དུང་ཕྱུར་བཞི་གནད་ལ་འཁེལ་བའི་སྒོ་ནས་སྤྲད་པ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།