ཟླ1པའི་ཚེས4ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་དམངས་སྲིད་ཅུས་ཀྱི་ལས་སྒྲུབ་མི་སྣས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་སྟེང་མི་དམངས་ཀྱི་འཚོ་བར་ལེགས་བཅོས་དང་འགན་སྲུང་བྱེད་པ་། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རྩའི་ཞབས་ཞུའི་ཆ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་འཚོ་བའི་སྤུད་ཚད་མཐོར་འདེགས་གཏོང་དགོས་པ་བཏོན། 2025ལོའི་ཟླ12པའི་ཟླ་མཇུག་ཏུ། ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་བདེ་སྐྱིད་དབྱི་ཅ་ཉིན་རྒྱུན་བདག་སྐྱོང་ལྟེ་གནས་དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས་པ་ནི། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་། རྒན་པའི་དགོས་མཁོ་སྐོང་བར་དམིགས་ནས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་དམངས་ཕན་དངོས་སྒྲུབ་ཀྱི་ལག་ལེན་དངོས་ལ་བསྒྱུར་ཡོད།
རྒན་གསོའི་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པ་ནི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད། ལམ་ལུགས་དང་མ་དངུལ་གྱི་འགན་སྲུང་སྟེང་། ཧི་ནན་རྫོང་གིས་ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གི་གཙོ་ཁྲིད། སྡེ་ཁག་གི་འགན་ཁུར། སྤྱི་ཚོགས་ཀྱི་ཟབ་ཞུགས་བཅས་ཀྱི་མཐུན་སྦྱོར་བྱ་བའི་ལམ་ལུགས་གསར་བཟོ་དང་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་གཏོང་སྤྲོད་སྒྲིག་གཞི་ལེགས་བསྒྱུར་བྱས་ཏེ། རྒན་གསོ་ཞབས་ཞུའི་དངུལ་གཏོང་ལ་ཤུགས་བསྣོན་བྱས། མིག་སྔའི་བར་དུ། ས་གནས་ཀྱི་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དགུ་འབུམ་གཉིས་སྡེབ་སྒྲིག་བྱས་ཏེ་ཚད་ལྡན་ཅན་གྱི་སྡེ་ཁུལ་རྒན་གསོའི་ཞབས་ཞུ་ལྟེ་གནས་བཞི་འཛུགས་སྐྲུན་བྱས་ཡོད་ལ། མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཉིས་བཏང་ནས་བཟའ་བཏུང་རོགས་སྐྱོར་དང་ཁམས་གསོ། རོལ་རྩལ་སོགས་ཀྱི་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དུ་བཏང་ཡོད་པར་མ་ཟད། ཆེད་དུ་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་ལྔ་བཏང་ནས་བཟའ་བཏུང་གི་རོགས་སྐྱོར་དང་འགྲོ་སྡོད་ཀྱི་རོགས་སྐྱོར་སོགས་རོགས་སྐྱོར་དྲུག་གི་ཞབས་ཞུ་དངོས་འབེབས་བྱས་ཡོད། “སྲིད་གཞུང་གི་ཁ་གསབ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་ཁ་སྣོན། མི་སྒེར་གྱི་དངུལ་གཏོང་། ཁེ་ལས་ཀྱི་ཆོག་འཐུས། སྤྱི་ཚོགས་ཀྱི་ཞལ་འདེབས། ཚད་ལོན་བྱ་དགའ”བཅས་ཀྱི་སྣ་མང་མ་དངུལ་གཅིག་བསྡུས་ལམ་ལུགས་གསར་འཛུགས་བྱས་ཏེ། རྒན་གསོའི་ལས་དོན་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད།
སྨན་བཅོས་དང་ཁམས་གསོ་མཉམ་འདྲེས་ཀྱི་ཞབས་ཞུའི་སྟེང་། རྒན་གསོ་དང་སྨན་བཅོས་ཀྱི་འགོག་ར་གཏོར་ནས། རྫོང་རྒན་བཀུར་ཁང་དང་རྫོང་མི་དམངས་སྨན་ཁང་། སོག་བོད་སྨན་ཁང་གི་གཏིང་ཟབ་མཉམ་ལས་ལ་སྐུལ་འདེད་བཏང་ནས། སྨན་བཅོས་འགན་སྲུང་གི་རྒྱུད་ལམ་དང་སྨན་བཅོས་མི་སྣའི་དུས་ངེས་སྐོར་སྐྱོད་སྨན་བཅོས་ཤར་གཏོང་བྱས་ཡོད། འགྲོ་འདུག་སྟབས་མི་བདེ་བའི་རྒན་པར་དམིགས་ཏེ། མལ་ཁྲིའི་མདུན་དུ་སོང་ནས་སྨན་བཅོས་བྱེད་པ་དང་སྨན་སྟེར་བའི་ཞབས་ཞུ་འདོན་སྤྲོད་བྱས་ཡོད། ལོ་རེར་རྒན་པའི་ལུས་ཕུང་ལ་བརྟག་དཔྱད་བྱས་ཏེ། རྒན་པའི་བདེ་ཐང་འགན་སྲུང་གི་ཆུ་ཚད་ཏན་ཏིག་གིས་མཐོར་འདེགས་བཏང་། གནད་ལ་ཁེལ་བའི་སྒོ་ནས་རྫོང་ཡོངས་ཀྱི་ལོ་ན་མཐོ་བའི་རྒན་པར་ཁ་གསབ་དངུལ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ལོ་ཚོད་དབྱེ་འབྱེད་ཀྱི་ཚད་གཞི་ལྟར་ཁ་གསབ་བྱིན་ནས། དོན་དངོས་ཀྱི་སྟེང་རྒན་པའི་མ་མཐའི་འཚོ་བའི་འགན་སྲུང་སྲ་བརྟན་དུ་བཏང་།