ཟླ1ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་སྒོས་ནང་མཁོར་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་བཀོད་སྒྲིག་དང་ལག་བསྟར་བྱས་ཤིང་། རྒྱུན་སྡོད་བྱེད་སར་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་ཁྱབ་སྤེལ་བཏང་བ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་བསྟན་དོན། ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་སྒོས་ནང་མཁོར་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱ་རྒྱུ་ནི། ནུས་ལྡན་དགོས་མཁོ་རྒྱ་སྐྱེད་དང་སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ནོར་སྲིད་སྲིད་ཇུས་དང་དངུལ་རྩའི་སྲིད་ཇུས་ཀྱི་གཞོགས་འདེགས་མཉམ་འགུལ་ལ་ཤུགས་བསྣན་ནས། སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཀྱི་མ་རྩ་དེ་འཛད་སྤྱོད་ལ་སྐུལ་འདེད་དང་དངུལ་གཏོང་རྒྱ་བསྐྱེད་པའི་ཁྲོད་ཟབ་ཞུགས་བྱེད་པར་ཁྲིད་སྟོན་བྱེད་དགོས། གྲོང་མིའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་དམིགས་ནས། ཞབས་ཞུའི་ལས་རིགས་ཀྱི་བདག་གཉེར་གཙོ་གཞིའི་དངུལ་བུན་དང་། མི་སྒེར་གྱི་འཛད་སྤྱོད་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་ལེགས་སྒྱུར་དང་ལག་བསྟར་བྱས་ཏེ། སྤུས་ལེགས་ཞབས་ཞུའི་མཁོ་སྤྲོད་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་ནས་གྲོང་མིའི་འཛད་སྤྱོད་ནུས་པ་ཇེ་ཆེ་རུ་གཏོང་དགོས། དམངས་ཁྲོད་དངུལ་གཏོང་ལ་རྒྱབ་སྐྱོར་བྱེད་པར་དམིགས་ནས། ཁེ་ལས་ཐ་ཆུང་འབྲིང་གསུམ་གྱི་དངུལ་བུན་སྐྱེད་གསབ་སྲིད་ཇུས་ལག་བསྟར་བྱེད་པ་དང་། དམངས་ཁྲོད་ཀྱི་དངུལ་གཏོང་ཆེད་དམིགས་ཁག་འཁུར་འཆར་གཞི་བཟོ་བ། དམངས་གཉེར་ཁེ་ལས་ཀྱི་བུན་འཛིན་ཉེན་ཁ་མཉམ་འཁུར་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་། སྒྲིག་ཆས་གསར་སྒྱུར་དངུལ་བུན་ལ་ནོར་སྲིད་ཀྱི་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་ལེགས་སྒྱུར་དང་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་དངུལ་བསྲེས་ཚད་གཞི་དང་མ་རྩ་སྔར་ལས་ཇེ་དམའ་རུ་གཏོང་དགོས། སྟབས་བདེ་ཅན་གྱི་བྱེད་ཐབས་སྔར་ལས་མང་པོ་སྤྱད་དེ། སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་དང་ཁེ་ལས་ཀྱི་ཐོབ་སྣང་ཇེ་མཐོར་གཏོང་དགོས། སྲིད་ཇུས་ལག་བསྟར་གྱི་འཕེལ་རིམ་ལ་རྗེས་འདེད་ནན་མོ་བྱས་ཏེ། གོ་རིམ་ཧྲིལ་བོའི་དོ་དམ་ལ་ཤུགས་སྣོན་དང་། མ་དངུལ་ཚད་ལྡན་དང་ཕན་འབྲས་ཆེ་བའི་སྒོ་ནས་སྤྱོད་ཐུབ་པར་འགན་སྲུང་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། རྒྱུན་སྡོད་བྱེད་སར་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཁྱབ་གདལ་དུ་གཏོང་བ་དེ། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་ནས་མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྔར་ལས་ལྷག་པས་འདེགས་སྐྱོར་བྱེད་པར་ཕན་པ་ཡོད་པས། གཞིས་ཆགས་མེད་པའི་རྒྱུན་སྡོད་མི་འབོར་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དུས་ཐོག་ཏུ་ཐག་བཅད་དེ། མཉམ་དུ་གནས་སྤོར་བྱས་པའི་བུ་ཕྲུག་གི་སློབ་གསོའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གཞུང་གི་བོགས་གཏོང་ཁང་པ་གླ་བའི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ། རྒྱུན་སྡོད་བྱེད་སའི་གཞི་རྩའི་སྨན་བཅོས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ཞབས་ཞུར་ཤུགས་སྣོན་དང་མཐའ་སྐྱོང་རང་བཞིན་གྱི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་སོགས་བྱས་ནས་ཁོ་ཚོ་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་ནང་འདྲེས་པར་བྱེད་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པ་དང་། ཡུལ་བབ་དང་བསྟུན་ནས་བྱེད་ཐབས་ཁག་ལ་སྐུལ་འདེད་བཏང་སྟེ། སྤྱི་པའི་ཞབས་ཞུ་མིའི་རྗེས་སུ་འབྲངས་བར་འཚམ་པའི་སྲིད་ཇུས་ཀྱི་འདེགས་སྐྱོར་དང་གྲུབ་ཆ་གཙོ་བོའི་འགན་སྲུང་མ་ལག་འཛུགས་པ་དང་། རྒྱུན་སྡོད་མི་འབོར་གྱི་གྲུབ་ཚུལ་ལྟར་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་བཀོད་སྒྲིག་བྱེད་པ། ཞབས་ཞུའི་དོན་ཚན་མཐུན་སྦྱོར་མཉམ་སྒྲུབ་ལ་ཤུགས་སྣོན་པ་བཅས་བྱས་ནས་འཁོར་རྒྱུག་མང་ཚོགས་ཀྱིས་བསྟུད་མར་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ལོངས་སྤྱོད་ཐུབ་པར་ཕན་པའི་མཉམ་སྐྲུན་མཉམ་སྤྱོད་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག་བཟོ་བཅོས་བྱས་ནས། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མཐུན་སྦྱོར་སྦྲེལ་མཐུད་ཡག་པོ་བྱས་ཏེ། སྤུས་ཚད་མཐོན་པོས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས།
སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཛིན་པ་དང་། སྲུང་སྐྱོང་དང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རང་བྱུང་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་དང་ནང་གནས་ཆོས་ཉིད་ལྟར། རང་བྱུང་སྲུང་སྐྱོང་ཁུལ་ལ་སྤྱི་ཡོངས་ནས་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པའི་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ནས་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་མང་ཟབ་ཞུགས། སྤྱི་ཚོགས་མཉམ་སྤྱོད་བཅས་ཀྱི་རྐྱེན་སྲོལ་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ལྷད་མེད་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་བྱེད་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།