ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་དུ་ཨ་རིའི་ཧྭ་ཐེ་ཏི་ཧྲི་ཉི་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཨའེ་ཀི་ལ་མཇལ་འཕྲད་གནང་།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད་པ་དང་། ཀྲུང་གོ་འཕེལ་རྒྱས་ཇི་ཙམ་བྱུང་ན་ཕྱོགས་སོ་སོར་ཕན་པ་དེ་ལས་ཆེན་པོ་ཐོབ་ངེས།
ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུས་པ་དང་། ལས་དོན་སོ་སོར་གྲུབ་འབྲས་གསར་པ་གལ་ཆེན་བླངས་ནས། འཛམ་གླིང་གི་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་མ་འོངས་པའི་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཟིན་པས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་བྱ་རྒྱུ་ཡིན། ཏི་ཧྲི་ཉི་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་མུ་མཐུད་དུ་ཀྲུང་གོར་དངུལ་གཏོང་དང་ཀྲུང་གོ་རུ་ཟབ་ཞུགས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ཏེ། ཀྲུང་གོའི་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པར་དགའ་བསུ་ཞུས་པ་ཡིན།
ཨའེ་ཀི་ཡིས་བསྟན་དོན། ཏི་ཧྲི་ཉི་ཀུང་སིས་ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པས། ཀྲུང་གོར་མ་དངུལ་གཏོང་ཚད་མུ་མཐུད་དུ་རྒྱ་བསྐྱེད་ནས། ཨ་རི་དང་ཀྲུང་གོའི་བརྗེ་རེས་མཉམ་ལས་ཐད་སྔར་ལས་ལྷག་པར་སྐུལ་འདེད་གཏོང་རྒྱུ་ཡིན།