སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་ཡིན་ཞེས་བསྟན།
ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། རང་རྒྱལ་གྱི་ཚན་རྩལ་ལས་དོན་ཐད་ནས་ནུས་གསོག་གཞོལ་སྒུག་དང་། ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཆེས་ཆེར་འཕར་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་གཅིག་ཏུ་བསྡུས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ནུས་ཆེན་པོ་བསྣན།
ལོ་གསར་པའི་ནང་། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་བརྟན་ཞིང་ནུས་ཤུགས་ལྡན།
པེ་ཅིང་ཧོའེ་རོའུ་ཚན་རིག་གྲོང་དུ། ནུས་མཐོའི་དུས་མཉམ་ཁྱབ་འགྱེད་འོད་ཁུངས་ཀྱིས་མཁའ་འགྲུལ་ལོ་མའི་ནང་ངོས་ཀྱི་གས་སྲུབས་གནོད་མེད་འཚོལ་ཞིབ་སོགས་ཐོན་ལས་གསར་གཏོད་ཚོད་ལྟ་བྱེད་བཞིན་ཡོད།
པེ་ཅིང་གྲོང་ཁྱེར་གྱི་གཙོ་གནད་ཚོད་ལྟ་ཁང5དང་སྤྱི་བའི་ལག་རྩལ་ཞབས་ཞུའི་ལས་སྟེགས2ཉེ་ཆར་སྤྱོད་འགོ་བརྩམས་ནས། ཕྲ་ཕུང་གསོ་བཅོས་དང་མ་རྡུལ་བཟོ་སྐྲུན་སོགས་གནད་འགག་ལག་རྩལ་གྱི་འགག་སྒྲོལ་བྱ་བ་སྤེལ། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་ས་ཁུལ་དུ། དྲག་རྒྱུན་གྱེས་རྡུལ་ལྕི་མོའི་འགྲོས་སྣོན་འཕྲུལ་ཆས་སྒྲིག་ཆས་ཀྱིས་ཆུན་རྒྱུག་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། མི་འགྱངས་བར་སྐོར་ཁག་དང་པོའི་ཚན་རིག་ཚོད་ལྟ་སྤེལ་ནས། ཉིང་རྡུལ་ཚན་རིག་གི་མདུན་གྲལ་འཕེལ་རྒྱས་དང་ཉིང་རྡུལ་ནུས་པའི་གསར་སྤེལ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་ཆེད་ཞིབ་འཇུག་གི་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱེད་རྒྱུ་རེད།
ཚན་རྩལ་ནི་རྒྱལ་ཁབ་སྟོབས་ལྡན་གྱི་རྨང་གཞི་ཡིན་པ་དང་། གསར་གཏོད་ནི་མི་རིགས་ཡར་ཐོན་ཡོང་བའི་བླ་སྲོག་ལྟ་བུ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས། ཁོང་གིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་རྩ་སློག་རང་བཞིན་གྱི་ལག་རྩལ་དང་མདུན་གྲལ་ལག་རྩལ་ལ་བརྟེན་ནས་ཐོན་ལས་གསར་པ་དང་དཔེ་དབྱིབས་གསར་པ། སྒུལ་ནུས་གསར་པར་སྐུལ་འདེད་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་དགོས་ཞེས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས། རང་རྒྱལ་གྱི་ཚན་རྩལ་བྱ་བའི་ཐད་ནས་རྒྱལ་ཡོངས་བསམ་བཀོད་གཅིག་གི་གཞི་རྩའི་རྣམ་པ་གྲུབ་པར་བྱས་ལ། ཚན་རྩལ་གསར་གཏོད་ནུས་ཤུགས་བརྟན་བརླིང་ངང་མཐོར་འདེགས་བྱུང་བ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།
སྔོན་ཏག་ཏག་ལ་རྒྱལ་ཁབ་ཀྱི་ལས་གཏོད་དངུལ་གཏོང་ཁྲིད་སྟོན་ཐེབས་རྩ་ལག་བསྟར་བྱེད་འགོ་བརྩམས་པ་དང་། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་བཅས་ཁུལ་ཁོངས་གསུམ་གྱི་ཐེབས་རྩ་ཇུས་འགོད་འཁོར་སྐྱོད་བྱེད་འགོ་བརྩམས་ལ། 70%ལས་དམའ་མི་རུང་བའི་མ་དངུལ་ཚན་རྩལ་ཐད་བཏང་སྟེ། ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་སྒོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ཆེད་སྒུལ་ནུས་ཆེན་པོ་བསྣན།
ལོ་གསར་པའི་ནང་། པེ་ཅིང་གིས་སྐོར་ཁག་དང་པོའི་མི་ཐབས་རིག་ནུས་གསར་གཏོད་ཁྲོམ་གཞུང་འཛུགས་སྐྲུན་བྱེད་འགོ་བརྩམས། ལག་རྩལ་གསར་གཏོད་དང་བཀོལ་སྤྱོད་དཔེ་སྟོན་སོགས་ཀྱི་ཁྱབ་ཁོངས་ནས་མི་ཐབས་རིག་ནུས་དཔེ་སྟོན་བེད་སྤྱོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས། མ་འོངས་པའི་ལོ་གཉིས་ནང་པེ་ཅིང་གི་མི་ཐབས་རིག་ནུས་ཀྱི་ཐོན་ལས་གཙོ་བོའི་གཞི་ཁྱོན་སྒོར་ཁྲག་ཆེན་ལས་བརྒལ་བར་བྱ་རྒྱུའི་འཆར་གཞི་ཡོད།
ཧྲང་ཧའེ་ཡིས་ཀླད་འཕྲུལ་མཐུད་གནས་དང་ཀུའེ་འོད་སོགས་ནུས་ཆེའི་དོན་སྤྱི་སྐོར་ཞིག་གི་ར་སྤྲོད་ལས་སྟེགས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། སྤུས་ཚད་མཐོ་བའི་གསོ་སྦྱོང་ཡོ་བྱད་བཅུ་ལྷག་བཀོད་སྒྲིག་བྱས་ལ། མདུན་གྲལ་ལག་རྩལ་གསར་གཏོད་དང་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་གཏན་འབེབས་བྱས་ནས། 2027ལོར་མདུན་གྲལ་གྱི་རྩ་སློག་རང་བཞིན་གྱི་ལག་རྩལ་སྐོར་ཞིག་འགག་སྒྲོལ་བྱེད་རྒྱུར་བརྩོན་ལེན་བྱས།
ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་ས་ཁུལ་གྱི་བཀོལ་སྤྱོད་རྣམ་པའི་གསར་གཏོད་ལྟེ་གནས་སུ། དམའ་དབྱིངས་དཔལ་འབྱོར་དང་གྲོང་ཁྱེར་བཅོས་སྐྱོང་སོགས་ཁྱབ་ཁོངས་ཆེན་པོ་བརྒྱད་ལ་དམིགས་ནས། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་བེད་སྤྱོད་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ད་ལོར་བཀོལ་སྤྱོད་རྣམ་པ100ལས་མི་ཉུང་བ་འདོན་སྤྲོད་བྱེད་རྩིས་ཡོད། ལོ་གསར་པའི་ནང་རྩ་སློག་རང་བཞིན་གྱི་ལག་རྩལ་དང་མདུན་གྲལ་ལག་རྩལ་སྐོར་ཞིག་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བར་མྱུར་དུ་སྐུལ་འདེད་གཏོང་རྒྱུ་རེད།
རང་རྒྱལ་གྱི་ཚན་རིག་པས་འཛམ་གླིང་གི་རྩ་གཉིས་ལྕགས་རིགས་བཟོས་ཐོབ་མངོན་འགྱུར་བྱས་པ་དང་། རྒྱུ་ཆའི་མཐུག་ཚད་ནི་མགོ་སྐྲའི་ཚངས་ཐིག་གི་ཁྲི་ཉི་ཤུའི་ཆ་གཅིག་ཙམ་ཡིན་ལ། ནུས་ཟད་དམའ་བའི་རིགས་གསར་བདར་གཟུགས་སྦུ་གུ་དང་བརྒལ་སྐྱེན་འཚོལ་ཞིབ་ཐིག་ལེན་ཡོ་བྱད་དེ་ཞིབ་འཇུག་གསར་སྤེལ་བྱེད་རྒྱུའི་རེ་བ་ཡོད། སྤྲི་དཀར་རྫས་ཆེན་གྱི་རིམ་སྟར་གཞི་གྲངས་ཕྱོགས་བསྡུས་གྲུབ་པར་བྱས་པ་དང་། སྤྲི་དཀར་རྫས་ཀྱི་རིམ་སྟར་ཐེར་འབུམ་དགུ་ལྷག་བསྡུ་ལེན་བྱས་ལ། སྤྲི་དཀར་ནུས་པའི་ཕྱོགས་གཏན་ཇུས་འགོད་དང་འཕེལ་འགྱུར་མངོན་འགྱུར་བྱེད་ཐུབ་པ་དང་། རྒྱུ་ཆ་གསར་པའི་ཞིབ་འཇུག་གསར་སྤེལ་གྱི་ལས་ཆོད་ལྡབ10ཙམ་མཐོ་རུ་གཏོང་ཐུབ། རྒྱལ་སྤྱིའི་དབང་རྩའི་ཕྲ་ཕུང་ཐོག་མའི་གཞི་ཁྱོན་ཐེར་འབུམ་ཉི་ཤུ་ལས་བརྒལ་བའི་ཀླད་རིགས་རྩིས་འཁོར་བཟོ་སྐྲུན་བྱས་ནས། རབས་གསར་པའི་མི་ཐབས་རིག་ནུས་ཀྱི་ཞིབ་འཇུག་ཐད་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས། ལོ་གསར་པའི་ནང་། འབྱུང་འགྱུར་ཐོན་ལས་དེ་ཐོན་ལས་ཅན་དུ་བསྒྱུར་བའི་གནད་འགག་དུས་མཚམས་སུ་བསྐྱོད་བཞིན་ཡོད། ཚད་རྡུལ་ཚན་རྩལ་དེ་ཚོད་ལྟ་ཁང་ནས་དམིགས་གཏན་རྣམ་པའི་བཀོལ་སྤྱོད་དུ་འགྱུར་བཞིན་ཡོད་པ་དང་། དངུལ་རྩ་ཚོད་འཛིན་དང་སྨན་རྫས་ཞིབ་སྤེལ། གནམ་གཤིས་བརྟག་དཔྱད་སྔོན་བརྡ་སོགས་དམིགས་གཏན་རྣམ་པའི་ཐད་ནས་ཚོད་ལྟའི་དཔེ་སྟོན་སྤེལ་བཞིན་ཡོད། སྐྱེ་དངོས་བཟོ་སྐྲུན་ཐོན་ལས་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། སྨན་རྫས་ཞིབ་སྤེལ་དང་ཞིང་ལས་སོན་གསོ་ཁྱབ་ཁོངས་རྒྱུན་མ་ཆད་པར་རྒྱ་བསྐྱེད། ཚོད་འཛིན་ཐུབ་པའི་ཉིང་རྡུལ་འདུས་འགྱུར་དེ་བཟོ་སྐྲུན་ལག་བསྟར་འཐུས་མིན་གྱི་ལྟ་ཞིབ་རྩིས་ལེན་གྱི་གནད་འགག་དུས་མཚམས་སུ་སླེབས་པ་དང་། གནད་འགག་ལག་རྩལ་མགྱོགས་མྱུར་སྒོས་ཚོང་ལས་ཅན་དུ་བསྒྱུར། འབྱུང་འགྱུར་ཐོན་ལས་ལ་དམིགས་ནས། ས་ཆ་སོ་སོས“ལག་རྩལ་འགག་སྒྲོལ་དང་རྣམ་པ་ར་སྤྲོད། ཐོན་རྫས་ཉེར་སྤྱོད”བཅས་ཀྱི་ཟུམ་གདུབ་བསྐྲུན།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་པའི་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བཞིན་ཡོད།