2025ལོའི་ཟླ12པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། རང་ཞིང་གི་ཞིང་ཕྱུགས་ལས་ཚན་རྩལ་དང་རོང་འབྲོག་པའི་གསོ་སྦྱོང་བྱ་བའི་གྲུབ་འབྲས་འབུར་དུ་ཐོན་ཡོད་པ་དང་། རིམ་རྩིས་བྱས་ན་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་བཞི་དངོས་འབེབ་བྱས་ཏེ་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི387བསྐྲུན་ལ། གཞི་རིམ་ཞིང་ལས་ལག་རྩལ་མི་སྣ་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་གསོ་སྦྱོང་བྱས་པ་མ་ཟད། ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་སྟེགས་བུ་ཆེན་པོ་བཅུ་གཅིག་བསྐྲུན་པས། རྒྱལ་ཁབ་ཀྱི་གཙོ་གནད་རོགས་སྐྱོར་རྫོང15ཡི་ཚན་རྩལ་ཆེད་མངགས་ཚོགས་པས་གནད་ལ་འཁེལ་བའི་རོགས་སྐྱོར་བྱ་བ་མངོན་འགྱུར་བྱས། དེ་དང་ཆབས་ཅིག 2021ལོ་ནས་བཟུང་ཁུལ་དྲུག་དང་གྲོང་ཁྱེར་གཉིས་རྫོང་སོ་དགུ་ཡོངས་སུ་ཁེབས་པ་དང་། རིམ་རྩིས་བྱས་ན་རོང་འབྲོག་པ་ཁྲི་བཞི་དང་སྟོང་དྲུག་ཉིས་བརྒྱ་གྱ་གསུམ་ལ་གསོ་སྦྱོང་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་།
ཚན་རྩལ་ནུས་སྐྱེད་ཀྱི་འགག་རྩའི་རིམ་པར་དམིགས་ཏེ། ཞིང་ཆེན་ཡོངས་སུ་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་གྱི་ལས་གཞི་གཏིང་ཟབ་ཏུ་བཏང་པ་དང་། མ་དངུལ་འགན་ལེན་དང་རྣམ་གྲངས་ལ་སྐུལ་འདེད་བཏང་བ་བརྒྱུད། གཞི་རིམ་ཞིང་ཕྱུགས་ལས་ཚན་རྩལ་ཞབས་ཞུའི་ནུས་པ་དངོས་གནས་སྲ་བརྟན་དུ་བཏང་། ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེ་གྲས11འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ནས། ལག་རྩལ་ནང་འདྲེན་དང་འགག་སྒྲོལ་ཤུགས་ཆེན་བྱས་ཏེ་ཐོན་ལས་དགོས་མཁོ་ཕྱོགས་སྟོན་དུ་བྱེད་པ་དང་ཞིང་ལས་ཚན་རིག་སློབ་གསོ་དང་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་དམ་ཟབ་བྱེད་པའི་མཐུན་སྦྱོར་གསར་གཏོད་ཀྱི་རྐྱེན་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཞིང་ཕྱུགས་ལས་ཐོན་ལས་རིམ་སྤོར་ལ་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། རྒྱལ་ཁབ་ཀྱི་གཙོ་གནད་རོགས་སྐྱོར་རྫོང15ལ་ཁ་གཏད་ནས། ཚན་རྩལ་ཆེད་མངགས་ཚོགས་པའི་བྱ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཆེད་མངགས་ཚོགས་པ་སོ་སོས་ཐོན་ལས་ཀྱི་ལག་རྩལ་མཛུབ་ཁྲིད་ཞབས་ཞུ་དང་། རིགས་སྣའི་ལག་རྩལ་ནང་འདྲེན་དང་ཁྱབ་གདལ་དུ་གཏོང་བ། ལག་རྩལ་གཅིག་བསྡུས་འགག་སྒྲོལ་བྱེད་པ། རང་ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སྣེ་ཁྲིད་བྱེད་པ། ཞིང་ལས་ཐོན་ལས་ཀྱི་བྱེད་ནུས་རྒྱ་བསྐྱེད་པ་བཅས་ལྟེ་བའི་ལས་འགན་ཆེན་པོ་ལྔ་ལ་དམིགས་ནས། རོགས་སྐྱོར་མཛུབ་ཁྲིད་གནད་ལ་འཁེལ་ནས་གཙོ་གནད་རོགས་སྐྱོར་རྫོང་གི་ཞིང་ཕྱུགས་ལས་ཀྱི་སྤུས་འབྲས་ལེགས་གཏོང་ལ་རོགས་རམ་བྱས།
རོང་འབྲོག་པའི་གསོ་སྐྱོང་བྱ་བའི་ཁྲོད། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ཞིང་ལས་ཞིང་སྡེ་པུའུ་ཡི“ཚན་སློབ་ལ་བརྟེན་ནས་ཞིང་ལས་ཡར་རྒྱས་གཏོང་བ་དང་ཤེས་ལྡན་མི་སྣས་ཞིང་ལས་སྟོབས་ཆེར་གཏོང་བའི”འཐབ་ཇུས་ཀྱི་བླང་བྱའི་རེ་བ་ནན་མོ་ལྟར། མཚོ་སྔོན་མཐོ་སྒང་གི་དོན་དངོས་ལ་གཞི་བཙུགས་ནས། ཐོག་མའི་ཚོད་ལྟའི་དཔེ་སྟོན་ནས་ས་ཁོངས་ཡོངས་སུ་རིམ་བཞིན་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རོང་འབྲོག་པའི་སློབ་གསོའི་གསོ་སྦྱོང་རྐྱེན་སྲོལ་འཚོལ་ཞིབ་དང་འཛུགས་སྐྱོང་བྱས་ཏེ། མིག་སྔའི་བར་དུ། བསྡོམས་པས་གསོ་སྐྱོང་མ་དངུལ་སྒོར་ཁྲི་གཅིག་དང་སྟོང་ལྔ་བརྒྱད་བརྒྱ་བཅུ་གསུམ་བཏང་བ་དང་། དེའི་ནང་བྱང་ཚད་མཐོ་བའི་རོང་འབྲོག་པ་གསོ་སྐྱོང་ཐད་མ་དངུལ་སྒོར་ཁྲི་གཅིག་དང་སྟོང་བཞི་ཉིས་བརྒྱ་བཅུ་གསུམ་བཏང་ལ། མི་ཐེངས་ཁྲི་བཞི་དང་སྟོང་གསུམ་རེ་གསུམ་ལ་གསོ་སྦྱོང་བྱས། ཞིང་སྡེའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བེད་སྤྱོད་ཐད་བཏང་བའི་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་གཅིག་ལ་སླེབས་པ་དང་། མི2704གསོ་སྐྱོང་བྱས་པས། སྣེ་འདྲེན་མཁན་གྱི་ཤེས་ལྡན་མི་སྣའི་རྣམ་གྲངས་ཐད་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་དགུ་བཏང་ནས་མི519གསོ་སྐྱོང་བྱས་པ་དང་། རང་ཞིང་གི་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་གཏོང་ཆེད་ལག་རྩལ་ཤེས་པ་དང་གཉེར་སྐྱོང་ལ་མཁས་པའི་རྐང་འཛིན་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཡོད།