སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཀྱིས་སྒོ་འགྲམ་ནས་བདེ་འཇགས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1པའི་ཚེས8ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  2025ལོར། མཚོ་སྔོན་གྱིས་ཞིང་ཆེན་གྲོང་ཁྱེར་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་བསྐྱོད་པའི་བྱ་བའི་ལམ་སྲོལ་གསར་གཏོད་དང་གསར་འཛུགས་བྱས་ཏེ།   མང་ཚོགས་ཀྱི་གམ་དུ་བཅར་ནས་སྤུས་ལེགས་དང་ནུས་ལྡན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་སྤྲོད་བྱས།  མིག་སྔའི་བར་དུ་ཞིང་ཆེན་གྲོང་ཁྱེར་གྱི་སྨན་བཅོས་ལས་ཁུངས18དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས23བར་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་བཙུགས་ནས།  ཁྱོན་བསྡོམས་འབྲིང་རིམ་ཡན་གྱི་གོ་མིང་ཡོད་པའི་ཆེད་མཁས་པ་མི་ཐེངས634མངགས་པ་དང་།  སྒོ་བསྟེན་སྨན་བཅོས་ཀྱི་ནད་བརྟག་སྨན་བཅོས་ཞབས་ཞུ་མི་ཐེངས་ཁྲི་གསུམ་སྟོང་བདུན་བཞི་བརྒྱ་སྤེལ་ཡོད་ལ།  རྒྱང་བསྟེན་སྨན་བཅོས་ཁྲི་གཅིག་སྟོང་བཞི་བརྒྱད་བརྒྱ་ལེགས་གྲུབ་བྱས་ཏེ། མང་ཚོགས་ཀྱིས་གཞི་རིམ་དུ་སྨན་བཅོས་བྱེད་རྒྱུ་བདམས་གསེས་བྱས་པའི་བསྡུར་ཚད2024ལོའི་དུས་མཚུངས་ལས་བརྒྱ་ཆའི12.79%འཕར་ཡོད།

རང་ཞིང་གིས་ཞིང་ཆེན་ལྟེ་གནས་སྨན་ཁང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྣེ་ཁྲིད་དེ་རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་སྒོ་བསྟེན་སྨན་བཅོས་དང་། མཉམ་འབྲེལ་ནད་ཁང་། ཆེད་མཁས་པའི་ལས་སྒྲུབ་ཁང་། ནད་ལྕི་མོའི་སྨན་བཅོས་སྤོ་སྒྱུར་གྱི་ལྗང་མདོག་བགྲོད་ལམ་བཅས་བཙུགས་ནས། ཁམས་གསོ་དང་།  རྒན་པའི་གསོ་རིག་གི་ཀྲུང(བོད)ལུགས་ཀྱི་སྨན་པ་སོགས་འབྲེལ་ཡོད་ཁྱད་ལྡན་ཚན་ཁག་འཛུགས་སྐྲུན་བྱས་ཏེ། ལག་རྩལ་དང་ཞབས་ཞུ། དོ་དམ་སོགས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་། ཞིང་ཆེན་ལྟེ་གནས་ཀྱི་སྨན་ཁང་སོ་སོས་གཟའ་འཁོར་རེར་མི3ལས་མི་ཉུང་བའི་འབྲིང་རིམ་ཡན་གྱི་གོ་མིང་ཅན་གྱི་ཆེད་མཁས་པའི་རུ་དཔུང་མངགས་ནས།  མང་ཚོགས་གིས་སྒོ་འགྲམ་ནས་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས།

གཞི་རིམ་ལས་ཁུངས་དང་མངའ་ཁུལ་སྡོད་དམངས་ལ་དམིགས་ཏེ། རྒྱང་བསྟེན་སྨན་བཅོས་ཞབས་ཞུ་དང་འབྲེལ་དྲའི་སྨན་བཅོས་ཞབས་ཞུ་རྩ་འཛུགས་བྱས་ཏེ།  ཕྱོགས་ཡོངས་ནས་སྨན་བཅོས་ཀྱི་ཐོག་མཐའ་བར་གསུམ་དུ་དྲ་ཐོག་དང་ཡུལ་དངོས་གཞི་གཅིག་ཅན་གྱི་སྨན་བཅོས་ཞབས་ཞུའི་རྣམ་པ་བསྐྲུན་ནས།  གྲོང་ཁྱེར་གྱི་སྡོད་དམངས་ལ་རྒྱུན་མཐོང་ནད་གཞི་དང་། དལ་བའི་རང་བཞིན་གྱི་ནད་དྲ་ལམ་ནས་སྨན་བཅོས་དང་། ཡུན་རིང་སྨན་ཐོ་དོ་དམ་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་དགོས། མིག་སྔར་གོང་རིམ་སྨན་ཁང10ཡིས་རྒྱང་བསྟེན་བརྙན་གཟུགས་དང་སྙིང་གློག་བརྟག་དཔྱད་ཕན་ཚུན་སྦྲེལ་མཐུད་ཐུབ་པ་མངོན་འགྱུར་བྱས་ཡོད།  ཞིང་ཆེན་གྲོང་ཁྱེར་གྱི་སྨན་ཁང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་ཕྱོགས་གཉིས་སྨན་བཅོས་སྤོ་སྒྱུར་གྱི་རྒྱུད་ལམ་ཤར་གཏོང་བྱས་ཏེ། “ཚེ་སྲོག་གི་བགྲོད་ལམ”ཏན་ཏིག་གིས་སྲ་བརྟན་བཏང་།

རིམ་པ་གཉིས་པ་དང་གསུམ་པའི་སྨན་ཁང་གི་སྨན་བཅོས་མི་སྣས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལས་སྟེགས་སུ་བྱས་ཏེ། མང་ཚོགས་ལ་ཁྱིམ་ཚང་སྨན་པའི་མཆན་བཀོད་ཞབས་ཞུ་མཁོ་སྤྲོད་བྱས། སྨན་བཅོས་ཀྱི་དགོས་མཁོར་གཞིགས་ནས་སྒོ་བསྟེན་སྨན་བཅོས་ཀྱི་ཨང་རྟགས་དང་ཞག་སྡོད་ནད་ཁྲིའི་རོགས་སྐྱོར་བྱེད་ཡུལ་གྱི་ལས་ཁུངས་སུ་བསྐྱོད།  ཆེད་མཁས་པའི་ཨང་རྟགས་བརྒྱ་ཆའི10%ནས་བརྒྱ་ཆའི15%དང་བརྟག་དཔྱད་ཐོ་འགོད་སོགས་བརྩོན་ལེན་བྱས་ཏེ་སྨན་བཅོས་ཐོན་ཁུངས་རོགས་སྐྱོར་བྱེད་ཡུལ་ལས་ཁུངས་ཀྱི་ཁྱིམ་ཚང་སྨན་པས་དོ་དམ་དང་བཀོད་སྒྲིག་བྱེད་པ་དང་།  ནད་ཁྲི་བརྒྱ་ཆའི5%ནས་བརྒྱ་ཆའི10%དེ་ཁྱིམ་ཚང་སྨན་པའི་ནད་པར་སྤྱོད་རྒྱུར་མཁོ་སྤྲོད་བྱས་ཡོད།

ཞིང་ཆེན་ལྟེ་གནས་སྨན་ཁང་གིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ། གཅིག་བསྡུས་ཀྱིས་སློབ་ཁྲིད་བྱེད་པ་དང་། དགེ་རྒན་གྱི་རུ་དཔུང་སྐོར་སྐྱོད་འཆད་ཁྲིད་བྱེད་པ། གཤམ་སྐྱོད་ཆེད་མཁས་པས་ནད་ཐོག་སྨན་བཅོས་ཀྱི་ཁྲིད་སྟོན་བྱེད་པ་སོགས་བྱེད་ཐབས་ལ་བརྟེན་ནས་ཆེད་དོན་གསོ་སྦྱོང་སྤེལ་བ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་དབྱེ་འབྱེད་བརྟག་དཔྱད་དང་། སྨན་བཅོས་སྤོ་སྒྱུར་ཚད་ལྡན་དུ་གཏོང་བ། དྲ་ལམ་སྙན་ཞུ་སོགས་ཀྱི་ནུས་པར་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།