ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མདོ་ལ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་ཀྱི་སྤྱི་གླིང་གཉིས་འཛུགས་སྐྲུན་ཁུལ་གྱི་སྐྱེ་ཁམས་དགེ་མཚན་དང་རྡུལ་ཕྲན་མཁར་གྱི་དམར་པོའི་ནང་དོན་ལ་རྐང་བཙུགས་ཤིང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་ཁ་ཕྱོགས་ལ་གཞི་ཚུགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་བགྲོད་ལམ་སྟེང་མྱུར་མོར་བསྐྱོད་དེ། ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་དགུ་དང་ཁྲི་བདུན་སྟོང་དགུ་སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་སྒོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་ལྔ་ལ་སླེབས།
མཚོ་བྱང་ཁུལ་གྱིས་ཆེད་དོན་འཆར་འགོད་བཟོས་ནས་གཙོ་གནད་གཅིག་གིས་སྣེ་ཁྲིད་དང་། སྣེ་གཉིས་ཀྱིས་མཉམ་འགུལ། ཁུལ་གསུམ་མཐུན་སྦྱོར་བཅས་ཀྱི་བར་སྟོང་སྒྲིག་བཀོད་གཏན་འཁེལ་གསལ་བོ་བྱས་ཏེ། དམར་པོ་རྒྱུན་འཛིན་དང་སྐྱེ་ཁམས་སྲུང་སྐྱོབ། དམངས་སྲོལ་ལེགས་བཅོས་བཅས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་ཟབ་མོ་བྱས་པ་དང་། རོགས་སྐྱོར་སྲིད་ཇུས་དང་བྱ་དགའི་ཞིབ་སྲོལ་མང་པོ་སོགས་བཏོན་ནས། གོང་འོག་མཉམ་འགུལ་དང་། སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར། ཁུལ་ཁོངས་ཡོངས་ལ་སྐུལ་འདེད་བཅས་ཀྱི་འཕེལ་རྒྱས་རྣམ་པ་གྲུབ་ཡོད། ཁུལ་ཡོངས་ཀྱི་རི་དང་མཚོ། ནགས་ཚལ། འདབ་ཆགས། གཅན་གཟན་བཅས་ཀྱི་སྐྱེ་ཁམས་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་པ་དང་། མཚོ་དང་མེ་ཏོག འདབ་ཆགས། གཙོད། ཉ་བཅས་ལ་ལྟ་སྐོར་བྱེད་པའི་ཕྱོགས་ལྔའི་ཡུལ་སྐོར་མ་ལག་བཙུགས་ཤིང་། རི་མགོར་འགོས་པ་དང་འཁྱགས་ཤུད། འཁྱགས་རོམ་མྱུལ་དཔྱད་སོགས་ཀྱི་བྱེད་སྒོར་བརྟེན་ནས་འཁྱགས་པའི་ཐོན་ཁུངས་ཀྱིས་ཚ་བའི་དཔལ་འབྱོར་ལ་བསྟུད་མར་འདེགས་སྐྱོར་བྱས།
རིག་གནས་ཡུལ་སྐོར་དང་ལུས་རྩལ། ཁམས་གསོ། ཞིབ་སློབ་སོགས་ལས་རྣམ་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་ཞིང་། མདོ་ལ་རི་བོའི་མཱ་ལ་སུང་འགྲན་རྒྱུག་སོགས་ཀྱི་བྱ་འགུལ་སྤེལ་ཏེ། འགྲན་སྡུར་གྱི་གྲགས་ཚད་དེ་འཛད་སྤྱོད་ཀྱི་འཕར་ཚད་དུ་བསྒྱུར། ཁུལ་ཡོངས་ཀྱི་དམར་པོའི་ཐོན་ཁུངས་དག་སྒྲིག་བྱས་པ་དང་། དམར་པོའི་སློབ་གསོའི་ས་ཚིགས་སོ་གཅིག་གཞི་གཅིག་ཏུ་སྦྲེལ་ནས། རྡུལ་ཕྲན་མཁར་དེ་རྒྱལ་ཡོངས་དམར་པོའི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་བྱས། འཚེམ་དྲུབ་དང་ཐང་ག་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ལྗོངས་ཁུལ་དུ་བསྐྱོད་དེ། རིག་གནས་རིན་ཐང་དང་ཁྲོམ་རའི་གསོན་ཤུགས་ཀྱིས་ཕན་ཚུན་སྟོབས་ཤུགས་སྩོལ་བ་མངོན་འགྱུར་བྱུང་། ཆུ་ཁོལ་ཁམས་གསོ་དང་སྐྱེ་ཁམས་ཞིབ་སློབ་སོགས་ལས་རྣམ་གསར་བ་རྒྱུན་ཆད་མེད་པར་བྱུང་བས། དུས་བཞིར་ཡུལ་ལྗོངས་མཛེས་ལ། ལོ་ཧྲིལ་བོར་ཡུལ་སྐོར་བྱེད་ཆོག་པའི་ཁུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་རྣམ་པ་བསྐྲུན།
ནུས་ཤུགས་ཡོད་རྒུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་བསྐྲུན་པ་དང་། གཞུང་ལམ་དང་ལྕགས་ལམ། གནམ་གྲུ་ཐང་བཅས་ཀྱིས་མཉམ་འགུལ་ཤུགས་འདོན་བྱས་ལ། ཁུལ་ཡོངས་ཀྱི་ལྗོངས་ཁུལ་གཙོ་བོའི་ལྗོངས་གཟིགས་བགྲོད་ལམ་དང་ཡུལ་སྐོར་ས་ཚིགས་སྦྲེལ་མཐུད་བྱས་ཤིང་། ཆུ་ཚོད་ཕྱེད་ཀའི་རིང་གཙོ་གནད་ལྗོངས་ཁུལ་དུ་ཐོན་པའི་སྟབས་བདེའི་ཕྱི་སྐྱོད་སྒྲིག་གཞི་རིམ་གྱིས་གྲུབ། རིག་ནུས་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དྲ་རྒྱ་དེ་ལྗོངས་ཁུལ་གཙོ་བོའི་ཁོངས་ཡོངས་སུ་ཁེབས་པ་སོགས་མངོན་འགྱུར་བྱུང་བ་དང་། མཚོ་བྱང་ཡུལ་སྐོར་གྱི་དྲ་ཐོག་ཞབས་ཞུའི་སྟེགས་བུས་ལམ་ཐིག་འཚོལ་བཤེར་དང་ཡུལ་སྐོར་འགྲེལ་བཤད་སོགས་ས་ཚིགས་གཅིག་རྣམ་པའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཕྱི་སྐྱོད་སྔར་ལས་སྟབས་བདེ་ཅན་དུ་གྱུར་ཡོད། ཡུལ་སྐོར་ཞུ་གཏུག་མྱུར་མོར་ཐག་གཅོད་རྐྱེན་སྲོལ་བཙུགས་ནས། རིག་གནས་ཡུལ་སྐོར་ཁྲོམ་རའི་ཆེད་དོན་དག་སྒྲིག་བྱས་པ་དང་། ལུགས་མཐུན་མིན་པའི་རིན་དམའི་ཡུལ་སྐོར་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཁུལ་ཡོངས་ཀྱི་འཛད་སྤྱོད་ཁོར་ཡུག་བསྟུད་མར་ལེགས་སྒྱུར་བྱས།