མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་གྱི་མངའ་ཁོངས་རྒྱ་ཆེ་ཞིང་གངས་རི་བརྗིད་ཉམས་ལྡན་པ་དང་། འབྲི་ཆུའི་འབྱུང་ཁུངས་ཀྱི་རྩྭ་ཐང་ཡངས་ཤིང་རྒྱ་ཆེ། “ཀྲུང་ཧྭའི་ཆུ་མཛོད”ཞེས་འབོད་པའི་མཁའ་ཡངས་ཤིང་ས་མཐོ་བའི་འཛིན་མའི་གཞིར་ལྭ་བ་དཀར་པོ་གྱོན་པའི་སྲུང་སྐྱོང་པ་སྐོར་ཞིག་གིས་རི་ཆུ་ཁྲི་སྟོང་བརྒལ་ཏེ་སྨན་པའི་ལྷད་མེད་ཀྱི་བྱམས་སེམས་ལ་བརྟེན་ནས་མཐོ་སྒང་དུ་ཚེ་སྲོག་གི་མེ་ཏོག་གཏོར།
མཁའ་མཐའི་ས་སྒང་དེར་ས་གནས་དེའི་སྨན་བཅོས་ཀྱི་ཆ་རྐྱེན་ཡུན་རིང་བོར་འཕེལ་རྒྱས་བྱུང་མ་ཐུབ་པས། མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དེ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད། ལོ་འདི་དག་གི་རིང་ལ། ས་ཁོངས་བརྒལ་བའི་སྨན་བཅོས་འབྲེལ་མཐུད་དེ། ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དང་། ཤར་ནུབ་རྒྱུད་མཉམ་ལས་སྨན་བཅོས་ཚོགས་པ། མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རུ་ཁག་བཅས་སྟོབས་ཤུགས་གསུམ་གནས་དེར་་མཉམ་འཛོམས་བྱས་ནས་མི་རིགས་འགྲོ་འོང་དང་། བརྗེ་སྤེལ། མཉམ་འདྲེས་བཅས་ཀྱི་འབྲེལ་ཟམ་པ་དང་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བར་བདེ་ཐང་གི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད།
ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་རུ་ཁག་གི་ཆེད་མཁས་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དུ་གཤགས་བཅོས་བྱེད་པ། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གིས་པར་རིས་མཁོ་འདོན་བྱས་པ།
ཚན་ཁག་འཛུགས་སྐྲུན། མེད་པ་ནས་ཡོད་པར་གྱུར་བ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་གི་ནང་ཤེལ་ཁང་གི་སྒོ་ཁར་དཔལ་ཡུལ་ཡུལ་ཚོ་ནས་ཡོང་བའི་འབྲོག་པ་རྡོ་རྗེ་ཚེ་རིང་གིས་ཨ་ཕ་ཁྲིད་ནས་ཕོ་བ་བརྟག་དཔྱད་ལ་གྲ་སྒྲིག་བྱེད་བཞིན་ཡོད།
རྡོ་རྗེ་ཚེ་རིང་གི་དྲན་ཤེས་ནང་སྔོན་ཆད་ཁྱིམ་མིས་ལུས་ཕུང་བརྟག་དཔྱད་འགའ་བྱས་ན་མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་འགྲོ་རྒྱུ་ལས་མེད། ལམ་ཐག་རིང་བ་མ་ཟད་ད་དུང་འགྲོ་སོང་ཡང་མང་ལ། ཕར་འགྲོ་ཚུར་འོང་བྱས་ན་ནད་པར་དངོས་གནས་དཀའ་སྡུག་བཟོས་ཡོང་། ད་ལྟ། རྫོང་ནང་གི་སྨན་ཁང་དུ་ནང་ཤེལ་ཁང་ཡོད་པས། དེ་འདྲ་ལམ་ཐག་རིང་པོར་འགྲོ་མི་དགོས།
འགྱུར་ལྡོག་དེ་ལོ་ཤས་གོང་ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་འབྱོར་བ་ནས་བྱུང་བ་རེད། ནད་པའི་འཇུ་ལམ་དང་། དབུགས་ལམ། གཅིན་ཟགས་མ་ལག་བཅས་ཀྱི་ཐོག་མའི་བརྟག་དཔྱད་མངོན་འགྱུར་བྱེད་ཐབས་བྲལ་བའི་དཀའ་གནད་ལ་དམིགས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་སྨན་པས་རྨང་གཞིའི་འཛུགས་སྐྲུན་ནས་མགོ་བརྩམས་ཏེ། སྒྲིག་ཆས་ནང་འདྲེན་བྱས་པ་མ་ཟད། ད་དུང་ཚད་ལྡན་གྱི་སྨན་བཅོས་གོ་རིམ་ཡང་བཙུགས་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་གྱི་ལྷོ་རྒྱུད་ཡན་ལག་སྨན་ཁང་གི་ས་གནས་དེའི་ཆེད་མཁས་ཚོགས་པས་ས་གནས་དེའི་སྨན་བཅོས་མི་སྣ་གཙོར་བཟུང་ནས་གསོ་སྦྱོང་བྱས་ཏེ། ཚང་མས་ནད་པའི་ནང་ཁོག་གི་དོན་ལྔ་སྣོད་དྲུག་གི་ནད་འགྱུར་ལ་ལྟ་ཞིབ་བྱང་ཆད་་བྱས་ཏེ། ནད་རྐྱེན་སྔ་མོ་ནས་ཤེས་རྟོགས་བྱས་ནས་བརྟག་དཔྱད་གསལ་པོ་བྱས་ཐོག རྗེས་མཐུད་ཀྱི་སྨན་བཅོས་ལ་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས།
“ཚན་ཁག་འཛུགས་སྐྲུན་ནི་སྒྲིག་ཆས་སྟབས་བདེ་ཞིག་སྤུང་གསོག་བྱེད་པ་ཞིག་མ་ཡིན་པར། གནད་འགག་ནི་ཚད་ལྡན་གྱི་སྨན་བཅོས་མ་ལག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལམ་སྲོལ་འཛུགས་རྒྱུ་དེ་ཡིན། ད་ཆ་ལོ་ལྟར་རོགས་རམ་ཚོགས་པ་སྨན་ཁང་དུ་སོང་ནས་ལས་ཀ་བྱེད་བཞིན་ཡོད་པས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་ནད་པ་འགྲོ་འོང་ཇེ་ཉུང་དང་འགྲོ་སྒོ་ཇེ་ཉུང་དུ་བཏང་ནས་སྨན་བཅོས་ཞབས་ཞུ་སྤུས་ལེགས་ཤིག་ལོངས་སུ་སྤྱོད་དུ་བཅུག་ཡོད”ཞེས་གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་སྒྲོལ་མ་འཚོས་བཤད།
སོག་རུ་ཡུལ་ཚོ་ནས་ཡོང་བའི་སྦྲུམ་མ་བསོད་ནམས་སྒྲོལ་མ་ནི་ཡོན་ཀྲང་སྒྲོལ་མ་ཚོའི་བཤད་པའི“སྨན་བཅོས་ཞབས་ཞུ་ཡག་ཤོས་ཀྱི”ཕན་པ་ཐོབ་མཁན་ཡིན།
2025ལོའི་ཟླ7པར། ཕྲུ་གུ་བཙའ་ལ་ཉེ་བའི་བསོད་ནམས་སྒྲོལ་མ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཡོང་རྗེས། ཕྲུ་གུ་མཚེ་མའི་མངལ་སྦྲུམ་འདུག་པ་མ་ཟད་ཁྲག་ཤེད་ཀྱང་མཐོ་བ་ཤེས། ཟི་ལིང་དུ་བསྐྱལ་ཚེ་སྤྱི་ལེ600ལྷག་གི་ལམ་ཐག་དགོས་པས། གལ་ཏེ་ལམ་བར་དུ་ཁྲག་ཤོར་ཚེ་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། སྐབས་དེར་མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར་གྱི་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་སྨན་ཁང་གི་སྨན་པ་ལུའི་ཆིང་ཆིང་དང་ལི་ཆིང་གཉིས་ཀྱིས་བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་འཕྲལ་ཐག་ཆོད་པོས་གཤགས་བཅོས་བྱས། མཐར་མ་བུ་གཉིས་ཀྱི་བདེ་འཇགས་སུ་བཀོད།
མེད་པ་ནས་ཡོད་པ་དང་། ཡོད་པ་ནས་གཤགས་བཅོས་བྱེད་པའི་བར་རོགས་རམ་ལམ་སྲོལ་གྱིས་གཅིག་སྒྲིལ་རྫོང་གི་རྨང་གཞིའི་སྨན་བཅོས་ཞབས་ཞུར་གནམ་སའི་འགྱུར་ལྡོག་བྱུང་ཡོད། བྱིས་ནད་ཚན་ཁག་དང་། ཁ་སྦུག་ཚན་ཁག ནད་ལུགས་ཚན་ཁག་སོགས་ཚན་ཁག་གསར་དུ་བསྣན་ཞིང་གཤགས་བཅོས་ཁང་བསྐྱར་སྐྲུན་བྱས་པས་སྨན་ཁང་གི་སྨན་བཅོས་ནུས་པ་ཆེས་ཆེར་ཇེ་མཐོར་སོང་ཡོད།
ཧྲང་ཧའེ་ཡི་མཚོ་སྐྱོར་ལས་བྱེད་པ་དང་ཆེད་མཁས་ཚོགས་པ་ཁག་དྲུག་པ་དེས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སྐོར་སྐྱོད་སྨན་བཅོས་བྱེད་པ། འདི་ནི་ཧྲང་ཧའེ་ཡི་མཚོ་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚན་ཆུང་གིས་མཁོ་འདོན་བྱས་པའི་པར་རིས་ཡིན།
རིག་སྟོབས་རོགས་སྐྱོར། བུམ་པ་གང་ཞོ་ཚུལ་གྱི་རྒྱུན་འཛིན།
ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཆིན་ཁྲང་ཆི་དང་མྱུར་སྐྱོབ་ཚན་ཁག་གི་སྨན་པ་ཤིན་པང་ཡུན་ནི་གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་གི་ལས་སྒོའི་རྐང་འཛིན་ཞིག་ཡིན། ཁོང་ཚོ་དུས་ཡུན་ཐུང་ངུའི་ནང་འཚར་ལོངས་ཡོང་བའི་རྒྱུ་མཚན་ནི་སྨན་བཅོས་རོགས་སྐྱོར་ཚོགས་པའི་ཆེད་མཁས་པས་གཟབ་ནན་ངང་གསོ་སྐྱོང་བྱས་པ་ལ་རག་ལས།
རིག་སྟོབས་རོགས་སྐྱོར་ནི་སྨན་བཅོས་རོགས་སྐྱོར་གྱི་སྲོག་ཤིང་ཡིན། “ང་ཚོ་སླེབས་རྗེས་རེ་རེ་བཞིན་མཛུབ་ཁྲིད་བྱེད་ཀྱི་ཡོད། ནད་ལུགས་ཤེས་བྱའི་འཆད་ཁྲིད་ནས་ཆེད་ལས་དཔྱད་ཆས་བཀོལ་སྤྱོད་བར། ཡུལ་དངོས་སུ་བརྟག་དཔྱད་དང་སྨན་བཅོས་བྱེད་པ་ནས་དུས་མཇུག་གི་ནད་གཞིར་དབྱེ་ཞིབ་བྱེད་པའི་བར་དུ་སོར་འཇོག་སྤུ་ཙམ་ཡང་མེད་པར་ཤེས་བྱ་དང་ཉམས་མྱོང་ཚང་མ་ཁྲིད་ཀྱི་ཡོད”ཅེས་གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་དུ་རོགས་སྐྱོར་ནང་ཞུགས་པའི་ལེའོ་ཉིང་ཞིང་ཆེན་དབྱིན་ཁོའུ་གྲོང་ཁྱེར་ལྟེ་གནས་སྨན་ཁང་གི་སྨན་པ་ཐང་ཅི་ཤིན་གྱིས་བཤད།
ས་རྒྱུ་གཤིན་པོ་འདི་འདྲ་ཡོད་པའི་དབང་གིས་ད་གཟོད་མེ་ཏོག་འདི་འདྲའི་མཛེས་སྡུག་ལྡན་པའི་མེ་ཏོག་བཞར་ཐུབ།
གཅིག་སྒྲིལ་རྫོང་ནི་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། འགྲིམ་འགྲུལ་གྱི་འགྲོ་ལམ་གཙོ་བོ་ཡིན་པའི་ཆ་ནས་རྒྱུན་དུ་འགྲིམ་འགྲུལ་དོན་རྐྱེན་འབྱུང་ཆེ་བས། སྐྱོབ་བཅོས་ཀྱི་ལས་འགན་འཁུར་བའི་སྨན་ཁང་གིས་སྨན་བཅོས་རོགས་སྐྱོབ་བྱ་བ་དུས་ཐོག་ཏུ་ལེགས་པར་བསྒྲུབ་དགོས། ཆིན་ཁྲང་ཆི་དང་ཤིན་པང་ཡུན་གྱིས་རྒྱུན་ལྡན་གྱི་རྨས་སྐྱོན་གཤགས་བཅོས་རང་སྐྱ་ཐུབ་པའི་སྒོ་ནས་ལེགས་གྲུབ་ཐུབ་པས་རྨས་སྐྱོན་ཕོག་མཁན་གྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ཆེན་པོ་ཐོབས་ཡོད།
ཐད་ཀར་ཟས་སྦྱིན་པ་ལས་ཁོ་ལ་ཟས་འཚོལ་བའི་ཐབས་ཤེས་བསླབ་ན་དགའ།“རྨས་སྐྱོན་ལྟེ་གནས”འཛུགས་སྐྲུན་གྱི་འདུ་ཤེས་ནང་འདྲེན་བྱས་ནས་མྱུར་སྐྱོབ་ཀྱི་བརྒྱུད་རིམ་ཇེ་ལེགས་སུ་བཏང་། མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར་ཆེད་མཁས་པས་མཐོ་སྒང་གི་ནད་འགོག་བཅོས་ཀྱི་ཇུས་གཞི་གསར་ཤོས་ཁྱེར་ཡོང་བ་དང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས་རྣམ་གྲངས་ལ་དགོས་ངེས་ཀྱི་སྒྲིག་ཆས་དང་སྨན་རྫས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་ཀྱི་ཡོད། སྟོབས་ཤུགས་གསུམ་གཅིག་ཏུ་སྒྲིལ་ནས“ཐེངས་དང་པོ”ཅན་མང་པོ་ཞིག་གསར་གཏོད་བྱས།
2025ལོའི་དགུན་ཁར། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་ཅ་ཏིང་སྨན་ཁང་གིས་མངགས་པའི“ཚོགས་པ་སྒྲིག་འཛུགས་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཁག་གསུམ་པས་གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་རོགས་སྐྱོར་བྱེད་སྐབས་མགོ་ལོག་ཁུལ་གྱི་ཚིགས་ཤེལ་གྱི་རྨ་ཁ་ཆུང་ངུའི་གཤགས་བཅོས་ཐོག་མ་དེ་བདེ་བླག་ངང་ལག་བསྟར་བྱས་པས། ཡུལ་དེའི་གྲམ་ཚིགས་ཀྱི་རྨ་ཁ་ཆུང་བའི་གཤགས་བཅོས་ལསཕྱི་ནད་ཚན་ཁག་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་སྟོང་ཆ་ཁ་གསབ་བྱས། འདི་ལྟ་བུའི“ཐེངས་དང་པོ”ནི་གླེང་མང་བ་ཞིག་རེད།
ཚོགས་པ་སྒྲིག་འཛུགས་བྱས་ནས་རོགས་སྐྱོད། “མཐའ་མཇུག་གི་སྤྱི་ལེ་གཅིག”སྦྲེལ་ཐུབ་པ།
མཚོ་སྔོན་འབྲོག་ཁུལ་གྱི་ས་ཆ་རྒྱ་ཆེ་ཞིང་མི་ཉུང་བས། འབྲོག་པ་མང་པོ་ཞིག་གི་སྡོད་གནས་ཁ་ཐོར་ཡིནལ། འགྲོ་འོང་དེ་འདྲའི་སྟབས་བདེ་མེད། དེར་བརྟེན། སྐོར་སྐྱོད་སྨན་བཅོས་རུ་ཁག་གིས་སྨན་པ་དང་སྨན་རྫས་སྐྱེལ་བའི་གལ་ཆེའི་རང་བཞིན་ནི་སྨོས་མེད་རེད།
སྐོར་སྐྱོད་སྨན་བཅོས་ཁྲོད། སྟོབས་ཤུགས་གསུམ་གྱིས་རང་གི་དགེ་མཚན་མངོན་ཡོད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་པས་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ཁྱེར་ཡོང་བ་དང་། མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར་གྱི་ཆེད་མཁས་པས་མཐོ་སྒང་གི་ནད་རིགས་ཀྱི་ཁྱད་ཆོས་ལ་རྒྱུས་མངའ་ཡོད་པ་དང་། ས་གནས་དེའི་སྨན་བཅོས་མི་སྣར་སྐད་ཡིག་གི་འབྲེལ་གཏུག་ནུས་པ་ཆེན་པོ་ལྡན་པ་བཅས་ཀྱི་མཐུན་རྐྱེན་འོག སྐོར་སྐྱོད་སྨན་བཅོས་ཀྱི་ཕན་འབྲས་ཆེས་ཆེར་ཇེ་མཐོར་སོང་ཡོད།
2025ལོར་ཧྲང་ཧའེ་མཚོ་སྔོན་ལ་རོགས་སྐྱོར་ལས་བྱེད་པ་དང་ཆེད་མཁས་ཚོགས་པ་ཁག་དྲུག་པས་མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་དང་། མཚོ་སྔོན་རོགས་སྐྱོར་རྐང་འཛིན་སྟོབས་ཤུགས་བཅས་བར་ལག་གདང་སྦྲེལ་ནས་ས་གནས་དེའི་ཤང་དང་གྲོང་རྡལ40ལྷག་དུ་སྤྱི་ཕན་འོས་འགན་གྱི་སྨན་བཅོས་གཅིག་སྡུད་ཐོག་བྱས། 2025ལོའི་ཟླ12པའི་ཚེས5ཉིན། ས་གནས་གསུམ་གྱི་སྨན་བཅོས་ལས་དོན་མཇུག་འགྲིལ་བ་དང་བསྟུན་ནས། ཟླ་བ་མང་པོ་སྤྱད་པའི་ཧྲང་ཧའེ་ཡི“ཚོགས་པ་སྒྲིག་འཛུགས་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་མཁན་རྣམས“མགོ་ལོག་གི་ཡུལ་གང་སར་འགྲོ་བའི”སྤྱི་ཕན་རྣམ་གྲངས་དངོས་སུ་ལེགས་འགྲུབ་བྱུང་།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལ་གཞིགས་ན། 2022ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་གྲོང་གསེབ་དར་རྒྱས་གཙོ་གནད་རོགས་སྐྱོར་རྫོང་རིམ་པའི་སྨན་ཁང14ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི“ཚོགས་པ་སྒྲིག་འཛུགས་རྣམ་པའི”རོགས་སྐྱོར་ཁྱབ་ཁོངས་སུ་བཅུག་པ་དང་། 2023ལོར་མཚོ་སྔོན་ཞིང་ཆེན་གྱི་ཁུལ6གི་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་པ་སྒྲིག་འཛུགས་རྣམ་པའི”རོགས་སྐྱོར་བྱ་བ་དངོས་སུ་མགོ་བརྩམས། མིག་སྔར། རང་ཞིང་ནི་རྒྱལ་ཡོངས་གྱི“ཚོགས་པ་སྒྲིག་འཛུགས་རྣམ་པའི”རོགས་སྐྱོར་ཡོད་མཁན་དང་། “ཚོགས་པ་སྒྲིག་འཛུགས་རྣམ་པའི”རོགས་རེས་ཅན་གྱི་ཞིང་ཆེན་འབའ་ཞིག་ཏུ་གྱུར་ཡོད།
ལོ་ཤས་རིང་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རྣམ་གྲངས་དང་། འཇོན་མི། ལས་སྒོ་གསར་པ། རྒྱང་རིང་སྨན་བཅོས་སོགས་ཁྱབ་ཁོངས་ལ་དམིགས་ཏེ་མ་དངུལ་དང་། རིག་ནུས། ལག་རྩལ། དྲ་རྒྱ་བཅས་ཀྱི“རོགས་སྐྱོར་བཞི”ནུས་ཤུགས་ཡོད་རྒུས་སྤེལ་ནས་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།
སྨན་བཅོས་རོགས་སྐྱོར་ཚོགས་པའི་ཁོངས་མི་རེ་རེ་ནི་ནད་རིགས་སྨན་བཅོས་བྱེད་མཁན་ཡིན་པ་མ་ཟད། སྔར་ལས་བདེ་ཐང་གི་སོན་འདེབས་མཁན་དང་རེ་བ་བརྒྱུད་སྤྲོད་བྱེད་མཁན་ཞིག་ཀྱང་ཡིན། ཁོང་ཚོ་ནི་རི་ཆུ་མང་པོ་བརྒལ་ནས་ཚེ་སྲོག་སྲུང་མཁན་ཏེ། སྨན་རྫས་དང་ལག་རྩལ་ཁྱེར་ཡོང་བ་མ་ཟད། ཚེ་སྲོག་སྲུང་སྐྱོབ་བྱེད་པའི་ཤེས་རིག་གི་འོད་ཟེར་ཞིག་དང་མི་རིགས་དང་ས་ཁོངས་ལས་བརྒལ་བའི་བརྩེ་དུང་ཟབ་མོ་ཞིག་ཀྱང་བསྣམས་ཡོད།