ཟླ་དང་པོའི་ཚེས་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ཕྱུགས་རིགས་དང་ཁྱིམ་བྱའི་གསོ་སྤེལ་བེད་མེད་དངོས་པོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་དམིགས་ནས། རྣམ་གྲངས་སྐུལ་ཁྲིད་དང་། གཞི་གྲངས་ཞིབ་བཤེར། ཚད་ལྡན་དོ་དམ་སོགས་ཀྱི་བྱེད་ཐབས་བརྒྱུད་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་། ཞིང་ལས་ཞིང་སྡེ་པུའུ་ཐད་སྦྲེལ་ཐད་ཀར་སྙན་སེང་ཞུ་བའི་ལས་སྟེགས་ཀྱི་གཞི་གྲངས་ལ་གཞིགས་ན། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཕྱུགས་རིགས་དང་ཁྱིམ་བྱའི་ལུད་རྫས་ཕྱོགས་བསྡུས་བེད་སྤྱོད་ཚད89.11%ལ་སླེབས་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ཚད་བརྒལ་གྱིས་ལེགས་འགྲུབ་བྱས་པ་དང་། ཞིང་ལས་ལྗང་མདོག་ཚུལ་སྒྱུར་དང་སྐྱེ་ཁམས་མཐོ་ས་འཛུགས་སྐྲུན་ལ་འགན་ལེན་བརྟན་པོ་མཁོ་འདོན་བྱས།
མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འབྲེལ་མཐུད་ཧུར་ཐག་བྱས་པ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་བདེ་བླག་ངང་བརྩོན་ལེན་བྱས་ཏེ། ཧོང་ཀྲུང་ཆུས་སུ་ཕྱུགས་རིགས་དང་ཁྱིམ་བྱའི་ལུད་རྫས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱས་ནས་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་བསྟར་བྱས། གཅིག་བསྡུས་རྣམ་པའི་ལུད་རྫས་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་དང་ལུད་རྫས་ཞིང་ནང་དུ་བཀོལ་བའི་ལག་རྩལ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་གསོ་སྤེལ་བེད་མེད་དངོས་རྫས“ཚད་ཉུང་ཅན་དང་། གནོད་མེད་ཅན། ཐོན་ཁུངས་ཅན”མངོན་འགྱུར་བྱས་ཏེ། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་རྫོང་ཁོངས་བཅོས་སྐྱོང་གི་མ་དཔེ་བཏོད་ནས། མཐའ་འཁོར་ཞང་གྲོང་གི་ལུད་རྫས་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་དང་ས་ཁོངས་ཀྱི་ལུད་རྫས་བེད་སྤྱོད་མ་ལག་འཐུས་ཚང་དུ་བཏང་།
གསར་དུ་བཟོ་བཅོས་བྱས་པའི《ཕྱུགས་རིགས་དང་ཁྱིམ་བྱའི་གསོ་སྤེལ་ར་བའི་གཞི་ཁྱོན་ཚད་གཞི》གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བར་རེ་རེ་བཞིན་བསྐྱར་ཞིབ་ཐོ་འགོད་བྱས་པ་དང་། གསོ་སྤེལ་གཞི་ཁྱོན་དང་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་སོགས་ཆོག་འཐུས་ཚད་གཞི་ཁ་གསལ་བྱས་ཏེ། གསོ་སྤེལ་བྱ་སྤྱོད་མགོ་ཁུངས་ནས་ཚད་ལྡན་དུ་གཏོང་དགོས། དེ་དང་ཆབས་ཅིག ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་འབྲེལ་སྒོས་ཕྱུགས་རིགས་དང་ཁྱིམ་བྱའི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བའི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ཁྲིམས་འཛིན་ཞིབ་བཤེར་སྤེལ་ཏེ། ཞིབ་བཤེར་བྱ་ཡུལ་དང་ཁྲིམས་འཛིན་མི་སྣ་སྐབས་བསྟུན་འདེམས་སྒྲུག་བྱས་ནས་ཞིབ་བཤེར་བྱས་འབྲས་ཡོངས་བསྒྲགས་བྱེད་པ་དང་། སྒྲིག་བཀོད་འཁོར་སྐྱོད་ཚད་ལྡན་མིན་པ་དང་སྦགས་བཙོག་དངོས་པོ་ཕྱིར་འབུད་ཚད་དང་མི་མཐུན་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ་གསོ་སྤེལ་ར་བའི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་དུ་བཅུག