མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ནན་མོ་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས3ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ།    ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བྱས་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མར་ལས་ཞུགས་རོགས་སྐྱོར་བྱས་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ལ་སྲུང་འཛིན་བྱས་ནས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་བབ་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།

མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ན་གཞོན་མི་ཚོགས་ཀྱིས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཆེད།    མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་སྐུལ་འདེད་འགུལ་སྐྱོད་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་སོགས་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་ཕྱིར་བཏོན་པར་མ་ཟད།   ཞིང་ཆེན་ཡོངས་ཀྱི་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་གཏོད་སྐུལ་འདེད་འཆར་གཞི་དང་ལས་ཞུགས་ཞབས་ཞུའི་མཁྲེགས་གཏོར་འགུལ་སྐྱོད་སོགས་ལ་སྐུལ་འདེད་ནན་མོ་བཏང་ནས་རང་བདག་ལས་གཏོད་དང་ལས་ཞུགས་ལྟ་སྦྱོང་སོགས་ཐད་ལ་སྲིད་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།

མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དང་།   ཤར་ནུབ་རྒྱུད་ངལ་ལས་མཐུན་སྦྱོར་རྐྱེལ་སྲོལ།  དེ་མིན་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ལྗོངས་སོ་སོའི་བརྗེ་རེས་མཐུན་སྦྱོར་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་།   ཚོགས་སྒྲིག་རྣམ་པའི་ལས་ཞུགས་ལས་གཏོད་ཞབས་ཞུ་སྤེལ་ཏེ་ལོ་རེར་ཆ་སྙོམས་ཀྱིས་མཐར་ཕྱིན་སློབ་མ་སྟོང་གཉིས་དང་སུམ་བརྒྱ་ཞིང་ཆེན་ཕྱི་རུ་སོང་ནས་ལས་ཞུགས་ལྟ་སྦྱོང་བྱས།   མཐོ་རིམ་མཐར་ཕྱིན་སློབ་མ་མཁར་གྲོང་སྡེ་ཁུལ་དུ་སོང་ནས་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ནས་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་སོགས་གཞི་རིམ་ཞབས་ཞུའི་ལས་གཞི་ལག་བསྟར་ཟབ་མོ་བྱས།   ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ།    ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞིའི་མི་བསྡུའི་མི་གྲངས་སྟོང་དགུ་དང་བརྒྱ་དང་བཅུ་བརྩོན་ལེན་བྱས་ཏེ་སྲིད་ཇུས་རང་བཞིན་གྱི་ལས་གནས་ཀྱི་སྦས་ཤུགས་སྔོག་འདོན་བྱས།

ལས་མི་དང་ལས་གནས་སྡེབ་སྒྲིག་གི་ལས་ཆོད་མཐོར་འདེགས་གཏོང་ཆེད། རྒྱལ་ཡོངས་གྲོང་ཁྱེར་གྱི་མཉམ་འབྲེལ་གདན་འགུག་དང་། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་མཐོ་རིམ་མཐར་ཕྱིན་སློབ་མར་ཁ་གཏད་པའི་ཆེད་དམིགས་གདན་འགུག མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་གཟའ་འཁོར་སོགས་ཀྱི་མུ་འབྲེལ་བྱ་འགུལ་བསྟུད་མར་སྤེལ་བར་མ་ཟད། མཐོ་རིམ་མཐར་ཕྱིན་སློབ་མར་ཕུལ་བའི་འཕྲིན་ཡིག་དང་ལས་ཞུགས་ལས་གཏོད་སྲིད་ཇུས་ཀྱི་གསལ་ཁྲ། ཞབས་ཞུའི་ཕྱོགས་སྟོན་བཅས་རྒྱ་ཆེར་བཀྲམས་ནས། མཁོ་འདོན་གྱི་གནད་འཁེལ་སྦྲེལ་མཐུད་ལ་སྐུལ་འདེད་བཏང་།

ཞིང་ཆེན་ཡོངས་ཀྱིས་གཞི་གྲངས་ཆེན་མོ་དང་བྱ་བའི་སྤྱོད་ཚུལ་མཉམ་འབྲེལ་གྱི་རྣམ་པར་བརྟེན་ནས། སློབ་གྲྭ་ལས་མཐར་ཕྱིན་རུང་ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མར་རྩིས་ཐོ་དོ་དམ་ལག་བསྟར་བྱས་པ་དང་། གཅིག་གཏད་གཅིག་གི་རོགས་སྐྱོར་རྐྱེན་སྲོལ་བཙུགས་ཤིང་། རྒྱུན་ཆད་མེད་པའི་ལས་ཞུགས་ཞབས་ཞུ་འདོན་སྤྲོད་བྱས། མཐར་ཕྱིན་སློབ་མའི་སྒེར་གཤིས་ཅན་གྱི་དགོས་མཁོར་དམིགས་ནས། “1131”གི་ལས་ཞུགས་ཞབས་ཞུ་སྟེ། སྲིད་ཇུས་སྒྲོག་འགྲེལ་ཐེངས་གཅིག་དང་ལས་རིགས་མཛུབ་སྟོན་ཐེངས་གཅིག ལས་གནས་མཚམས་སྦྱོར་ཐེངས་གསུམ། ལག་རྩལ་གསོ་སྦྱོང་དང་ཡང་ན་ལས་ཞུགས་ལྟ་སྦྱོང་ཐེངས་གཅིག་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་ཉིས་བརྒྱ་ང་དྲུག་བཙུགས་ཡོད་ལ། དེས་མཐར་ཕྱིན་སློབ་མའི་ལས་ཞུགས་འགྲན་རྩོད་ནུས་པ་ནུས་ལྡན་གྱིས་མཐོར་འདེགས་བཏང་ཡོད།

དེ་ལས་གཞན། མི་དོན་ཞབས་ཞུ་ཁྱིམ་ཚང་མང་པོར་བསྐྱོད་པ་དང་། སྤྱི་བའི་ཞབས་ཞུ་སློབ་རར་བསྐྱོད་པ་སོགས་ཀྱི་བྱ་འགུལ་བརྒྱུད་དེ། སྲིད་ཇུས་འགྲེལ་བཤད་དང་ལས་གནས་ཆ་འཕྲིན། ཞབས་ཞུའི་ཕྱོགས་སྟོན་བཅས་མཐར་ཕྱིན་སློབ་མར་བརྒྱུད་སྤྲོད་བྱས་ནས། ལས་ཞུགས་ཞབས་ཞུའི་མཇུག་མཐའི་བྱ་བ་ལེགས་པར་བསྒྲུབ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།