ཟླ1ཚེས4ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ནར་མ་སོན་པའི་མིའི་ཆེད་དམིགས་སློབ་གྲྭའི་བྱ་བའི་གནས་ཚུལ་ལ་ཆེད་དུ་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་ཟི་ལིང་ཀན་ཧི་སློབ་གྲྭ་དང་མཚོ་ཤར་གྲོང་ཁྱེར་ཞིན་མེན་སློབ་གྲྭར་སོང་ནས་སྒྲིག་ཆས་བཀོད་སྒྲིག་དང་དགེ་རྒན་གྱི་ཐོན་ཁུངས་བཀོད་སྒྲིག སེམས་ཁམས་གསོ་སྦྱོང་། ལས་ཞུགས་རྒྱབ་སྐྱོར་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཤིང་། ཡུལ་དངོས་སུ་ཁྲིམས་སྐྱོང་སློབ་གསོའི་སློབ་ཁྲིད་ལ་ཉན་པར་མ་ཟད། སློབ་གསོ་དང་ལག་ལེན་བརྒྱུད་རིམ་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ལ་དམིགས་ནས་ཆེད་དུ་བརྗེ་རེས་བཞུགས་མོལ་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ནར་མ་སོན་པའི་མིའི་ཆེད་དམིགས་སློབ་གྲྭ་གཉིས་ཀྱིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་། ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཞིང་། ཁྲིམས་ལྟར་སློབ་གསོ་ཚད་ལྡན་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་ནར་མ་སོན་པའི་མིས་ཁྲིམས་འགལ་བྱ་སྤྱོད་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་གཙོ་གནད་བཅོས་སྐྱོང་བྱ་བར་ཐོག་མའི་ཕན་འབྲས་བླངས་ཡོད། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཁྲིམས་དང་འགལ་བའི་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་དམིགས་ཏེ། ཆེད་དམིགས་སློབ་གྲྭར་བརྟེན་ནས་ནར་མ་སོན་པའི་མིའི་ལྟ་སྐྱོང་རྟེན་གཞི་བཙུགས་པ་དང་། ཉེས་སྐྱོན་བཟོས་པའི་ནར་མ་སོན་པའི་མི་སྤྱི་ཚོགས་ཁྲོད་འདྲེས་པར་རོགས་རམ་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་བཏོན་ཡོད།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཆེད་དམིགས་སློབ་གྲྭ་དེ་ཉེས་སྐྱོན་བཟོས་པའི་ནར་མ་སོན་མིས་ཆེད་དམིགས་སློབ་གསོ་མྱོང་བའི་ཁྲིམས་མཐུན་གནས་ཡུལ་ཡིན་པས། ནར་མ་སོན་པའི་མིས་ཁྲིམས་འགལ་ཉེས་པ་བཟོ་པར་སྔོན་འགོག་དང་བཅོས་སྐྱོང་བྱེད་པ་དང་། ན་གཞོན་ལོ་ཆུང་གི་བདེ་ཐང་འཚར་ལོངས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཁུར་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མིའི་ཁྲིམས་འཛིན་སྲུང་སྐྱོབ་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆེད་དམིགས་སློབ་གྲྭའི་བྱ་བ་དང་སྦྲེལ་མཐུད་གཞོགས་འདེགས་བྱེད་པའི་རྐྱེན་སྲོལ་འབད་པས་འཚོལ་ཞིབ་བྱས་ནས་འཛུགས་པ། རྒྱུན་རྣམ་ཅན་གྱིས་ཆེད་དམིགས་སློབ་གྲྭ་དང་མཉམ་འབྲེལ་སློབ་རོགས་བྱ་བ་བསྒྲུབ་པ་བཅས་བྱས་ཏེ། ནར་མ་སོན་པའི་མིའི་ཁྲིམས་འཛིན་སྲུང་སྐྱོབ་འགོག་ར་མཉམ་དུ་བསྐྲུན་དགོས། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་མཐུན་ལྟ་སྐུལ་དང་ནུས་ལྡན་རྒྱབ་སྐྱོར་གཉིས་མཉམ་འཛིན་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་བསྟར་ཞིབ་བཤེར་དང་ཆེད་དོན་རྟོག་ཞིབ། འཐུས་མིའི་ལྟ་ཞིབ་བཅས་ཀྱི་བྱེད་ཐབས་བརྒྱུད་དེ། ནར་མ་སོན་པའི་མིའི་ཆེད་དམིགས་སློབ་གྲྭའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ནས། ཆེད་དམིགས་སློབ་གྲྭའི་སློབ་གསོ་ལེགས་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།