ཟླ1པའི་ཚེས5ཉིན་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་བྱ་བའི་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིས། 2025ལོའི་མཚོ་སྔོན་གྱི་ནུས་ཁུངས་བྱ་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་དུས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད་དང་། 2026ལོའི་གཙོ་གནད་ལས་འགན་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་མ་ལག་སྐུལ་སློང་བྱས་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་ནས་ནུས་ཁུངས་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
གྲོས་ཚོགས་ཀྱིས་བསྟན་དོན། 2025ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ་འོགཞིང་ཆེན་ཡོངས་ཀྱི་ནུས་ཁུངས་མ་ལག་གིས“གསར་བརྗེ་བཞི་དང་མཉམ་ལས་གཅིག”ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་པ་ལག་ལེན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན་དམིགས་འབེན་ལ་དམ་པོར་དམིགས་ནས་ནུས་ཁུངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། 2025ལོར་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་བྱ་བའི་ཁྱད་ཆོས་མངོན་གསལ་ཡིན་པ་དང་། འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་ཡོད།
གྲོས་ཚོགས་ཀྱིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་མ་ལག་གིས་ནུས་ཁུངས་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བརྟན་པོ་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ནུས་ཁུངས་གཙང་མ་གཞི་ཁྱོན་ཅན་དང་། ཞིབ་ཚགས་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྩེ་རིམ་ཇུས་འགོད་དང་འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་རིགས་འཆར་འགོད་བཟོ་བ། ཕྱི་སྐྱེལ་གློག་ཁུངས་རྟེན་གཞི་དང་། སྙོམ་སྒྲིག་རང་བཞིན་གྱི་གློག་ཁུངས། ས་གནས་དེ་གའི་འཛད་སྤྱོད་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ལྗང་མདོག་ནུས་རྒྱུ་མཁོ་སྤྲོད་གཞི་ཁྱོན་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་། ནུས་གསོག་སྣ་མང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཉི་འོད་ཐོན་ལས་ཁྱུ་ཚོགས་མགྱོགས་མྱུར་སྐྲུན་བཅས་བྱ་དགོས། གློག་ཤུགས་ཁྲོམ་རའི་བཅོས་སྒྱུར་དང་ལྗང་གློག་སྲིད་ཇུས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ནུས་ཁུངས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་པ། ནུས་ཁུངས་དམངས་འཚོ་རྒྱུན་མཐུད་ངང་བཅོས་སྒྱུར་བཅས་བྱས་ནས་དག་གཙང་དྲོད་འདོན་དང་གློག་གསོག་རྨང་གཞིའི་སྒྲིག་ཆས་སོགས་དམངས་ཕན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས།