ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གཙོ་སྐྱོང་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་གྲོས་ཆོད། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་ཏང་ཙུའུ་བཅས་ཀྱི2025ལོའི་ལོ་འཁོར་གྱི་བྱ་བའི་སྙན་ཞུར་ཉན་པ་དང་། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཉན་ནས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བ་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་དགོས་པ་དང་། ཏང་གིས“ཞིང་གསུམ”བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་སྤྱིའི་དམིགས་འབེན་གཏན་འཁེལ་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་སྤྱིའི་གཞི་འཛིན་སར་བྱས་ཏེ། ཐོན་སྐྱེད་བརྟན་པར་བྱེད་པ་དང་མཐའ་ཐིག་སྲུང་བ། ལས་ཞུགས་བརྟན་པོ། ཐོན་ལས་སྟོབས་ཆེར་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་བྱ་བ་ཁག་ནན་པོ་བྱས་ཏེ། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རོང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་འབད་བརྩོན་བྱས་ནས་རོང་འབྲོག་པའི་འཚོ་བ་སྔར་ལས་ཕྱུག་པོ་དང་མཛེས་སྡུག་ལྡན་པར་བྱ་དགོས། 

གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2026ལོའི་ལོ་གསར་ཤིས་ཚིག་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་གྱི་ཇ་སྟོན་ཚོགས་ཐོག་སྤེལ་བའི་གསུང་བཤད་གལ་ཆེན་ནང་བརྩེ་སེམས་ངོ་མ་དང་ཡིད་ཆེས་མངོན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་གཏན་ཁེལ་བྱས་པའི་འཐབ་ཇུས་གནས་ངེས་དམ་འཛིན་བརྟན་པོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་བློ་བརྟན་འགྱུར་མེད་འཁུར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམངས་འཚོ་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། རྒྱུན་འཁྱོངས་མཐའ་གཅིག་ཏུ་ཕྱོགས་ཡོངས་ནས་ཏང་དང་དཔོན་རིགས་དོ་དམ་ནན་པོ་བྱས་ཏེ། འབད་བརྩོན་གྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་འདུས་པ་དང་། སྟོབས་ཤུགས་སྔར་ལས་ཆེ་བ་དང་སྤྱོད་ཚུལ་སྔར་ལས་ཏན་ཏིག་གིས་མགོ་ཚུགས་ནས་གོམ་སྟབས་བཟང་པོ་མགོ་བརྩམས་དགོས།

གྲོས་ཚོགས་སྟེང་རྒྱལ་ཡོངས་ཀྱི་ས་གནས་ཕྱི་དོན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཚན་རིག་གི་བརྡར་ཤ་བཅད་པར་གོ་བ་ཡང་དག་ལེན་པ་དང་། མཚོ་སྔོན་སྒེའུ་ཁུང་ལྟ་བུར་བྱས་ཏེ་ཕྱི་ཕྱོགས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་སྒྱུར་སོགས་ཀྱི་ཁྱབ་ཁོངས་སུ་བླངས་པའི་གྲུབ་འབྲས་གལ་ཆེན་ལེགས་པོར་སྒྲོག་པ་དང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་འགྲོ་འོང་སྔར་ལས་ཟབ་སྤེལ། དམངས་ཁྲོད་བརྗེ་རེས་ལ་ཡར་སྐུལ་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོར་འདེགས་བཏང་ནས། སྤྱིའི་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

གྲོས་ཚོགས་ལས་བལྟས་ན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་གཞིགས་ནས། རང་འགུལ་གྱིས་ཁག་ཁུར་ལས་སྒྲུབ་བྱས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པས། ཏང་ཙུའུ་སོ་སོས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། བརྒྱུད་རིམ་སོ་སོར་ཁེབས་པར་བྱེད་པ་དང་། སོ་སོའི་ལས་འགན་དང་ཟུང་འབྲེལ་བྱས་ཏེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། དམངས་འཚོའི་བདེ་སྐྱིད་ལ་ཡར་སྐུལ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སོགས་ཀྱི་ཕྱོགས་ལ་ནུས་པ་སྔར་ལས་ཆེན་པོ་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་དགོས་པར་འདོད།

ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཁག་གིས2025ལོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཡིག་ཐོག་གྲོས་ཞིབ་བྱས་པ་མ་ཟད། ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།