2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1པོའི་ཚེས5ཉིན།    མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ནས2025ལོའི་མཚོ་སྔོན་གྱི་ནུས་ཁུངས་བྱ་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཤིང་། 2026ལོའི་ལས་འགན་གཙོ་བོར་མ་ལག་ལྡན་པའི་བཀོད་སྒྲིག་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་ཁོངས་གཏོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་ནས་ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུར་སྐུལ་སློང་བྱས།

གྲོས་ཚོགས་ལས་བསྟན་དོན། 2025ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག  ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་ཁོངས་གཏོགས་ཀྱིས་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་གསར་པ་ལག་བསྟར་ནན་མོ་བྱས་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ནས་ནུས་ཁུངས་ཐད་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་། 2025ལོར་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་བྱ་བའི་ཁྱད་ཆོས་མངོན་གསལ་ཡིན་པ་དང་། འཕེལ་རྒྱས་ཀྱི་གཞི་རྩ་སྔར་ལས་སྲ་བརྟན་དུ་གྱུར་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་གནད་འགག་གི་ལོའང་ཡིན་པས།   ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་ཁོངས་གཏོགས་ཀྱིས་ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་འཐབ་ཇུས་གོ་སྐབས་དམ་འཛིན་ནན་མོ་བྱེད་པ་དང་སྒྲིག་གཞིའི་རྐྱེན་སྲོལ་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ། ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་དག་གཙང་ནུས་ཁུངས་ཀྱི་གཞི་གཅིག་ཅན་དང་གཅིག་བསྡུས་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། རྩེ་རིམ་ཇུས་འགོད་དང་འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་རིགས་འཆར་གཞི་སྒྲིག་བཟོ་གཏན་འབེབས་བྱེད་པ། ཕྱིར་གཏོང་གློག་ཁུངས་ཀྱི་རྟེན་གཞི་སོགས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ལྷད་མེད་ནུས་ཁུངས་ཀྱི་འདོན་སྤྲོད་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་སོགས་བྱས་ནས་ཉི་འོད་ནུས་པའི་ཐོན་ལས་ཀྱི་ཁྱུ་ཚོགས་མགྱོགས་མྱུར་སྒོས་བསྐྲུན་དགོས། གློག་ཤུགས་ཁྲོམ་རའི་བཅོས་སྒྱུར་དང་ལྗང་གློག་སྲིད་ཇུས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ནུས་ཁུངས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་པ། ནུས་ཁུངས་དམངས་འཚོ་རྒྱུན་མཐུད་ངང་བཅོས་སྒྱུར་བཅས་བྱས་ནས་དག་གཙང་དྲོད་འདོན་དང་གློག་གསོག་རྨང་གཞིའི་སྒྲིག་ཆས་སོགས་དམངས་ཕན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།