མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་སོང་ནས་བཞུགས་མོལ་བྱས་ཏེ། 《སྲིད་གཞུང་བྱ་བའི་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཡིག)》དང་སྲིད་གཞུང་བྱ་བའི་ཐད་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ཤིང་། མགོན་པོ་བཀྲ་ཤིས་དང་ཝང་ལིས་མེན་གྱིས་སོ་སོར་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་། ཚང་མས་བསམ་ཚུལ་ལྷུག་པོར་བརྗོད་པ་དང་བློ་འདོན་ཇུས་འབུལ་བྱས། ཚང་མས་གཅིག་གྱུར་སྒོས་བལྟས་ན། འདས་པའི་ལོ་ངོ་གཅིག་གི་རིང་། ཛ་དྲག་གི་གནས་བབ་དང་དཀའ་ཁག་མང་པོའི་འགྲན་སློང་གི་མདུན་དུ། ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། དཔའ་སྐྱེད་མདུན་སྐྱོད་དང་འབད་འཐབ་ཡར་བརྩོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། བཅོས་སྒྱུར་སྒོ་འབྱེད། དམངས་ཚིས་འགན་སྲུང་སོགས་ཀྱི་ཕྱོགས་ནས་ཕན་འབྲས་མངོན་གསལ་བླངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་གསར་དུ་གོམ་སྟབས་བརྟན་པོ་སྤོས་པར་འདོད། ཚང་མས་སྙན་ཞུའི་ལངས་ཕྱོགས་བརྟན་པ་དང་བརྗོད་དོན་གསལ་ལ། སྒྲིག་གཞི་དམ་ཞིང་རྩོམ་སྲོལ་ལེགས་པས། སྤུས་ཚད་མཐོ་བའི་སྙན་ཞུ་ལེགས་པོ་ཞིག་རེད་ཅེས་བསྟན་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གཞུང་བྱ་བའི་ཐད་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུར་བསམ་འཆར་བསྡུ་ལེན་བྱེད་པ་ནི་འབྲེལ་འདྲིས་གྲོས་མོལ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད། ལྟ་སྐུལ་དང་ལེན་བྱེད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། བློ་བསྡུ་དགེ་འཚོལ་དང་བྱ་བ་སྒྱུར་བཅོས། དངོས་འབེབས་སྐུལ་འདེད་བཅས་ཀྱི་བྱེད་ཐབས་ནུས་ལྡན་ཞིག་ཡིན། ཚང་མའི་བསམ་འཆར་དང་གྲོས་གཞིའི་ལངས་གནས་མཐོ་ལ། བསམ་གཞིགས་ཟབ་མོ་བཏང་བར་མ་ཟད། རྐང་འཛུགས་ས་ཡང་དག་ཡིན་པས། དྲིན་ཤེས་པ་དང་བརྩེ་བ་ལྡན་པ། དངོས་གཉེར་གཙོར་འཛིན་བཅས་ཀྱི་འགན་འཁྲི་ཁག་ཁུར་མངོན་ཡོད། ང་ཚོས་ཞིབ་འཇུག་ནན་མོ་དང་བསྡུ་ལེན་གང་ལེགས་བྱས་ཏེ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག ཚད་གཞི་སྔར་ལས་མཐོན་པོས་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བཟང་པོ་བྱས་ནས། གོམ་པ་རིམ་བགྲོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་འཆར་འགོད་རླབས་ཆེན་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་བྱ་རྒྱུ་ཡིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱིས་སྔར་བཞིན་སྲིད་གཞུང་བྱ་བར་སེམས་ཁུར་དང་། ལྟ་སྐུལ། རྒྱབ་སྐྱོར་བྱེད་པ་དང་། བློ་གྲོས་མང་པོ་འདོན་པ་དང་འཕེལ་རྒྱས་ཀྱི་བྱེད་ཐབས་ཇུས་འགོད་མང་པོ་བྱེད་པ། མཉམ་ལས་ཀྱི་སྦྲེལ་ཟམ་མང་པོ་བསྐྲུན་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པར་འབྲི་བར་བློ་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་རེ་བ་བཅངས་ཡོད་ཅེས་བསྟན།
ཀྲང་ཅིན་ཀང་ཚོགས་འདུར་ཞུགས་པ་དང་། དབྱང་ཧྥེང་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ལུའི་ཀང་། ཝང་ཅིན་ཀྲའེ། རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཝང་ཀྲེན་ཁྲང་། ཀྲང་ཞའོ་རུང་། ལི་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མ་ཡུའེ་ཞང་བཅས་སོ་སོར་ཚོགས་འདུར་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་དང་། དྲུང་ཡིག་ཆེན་མོ་གཞོན་པ། གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་འཁུར་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ལ་ཞུགས།
ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཟླ1པའི་ཚེས4ཉིན་ནས་ཚེས5ཉིན་བར། ཀྲང་ཅིན་ཀང་དང་། ཚེ་རིང་ཐར། དབྱང་ཀྲི་ཝུན་བཅས་ཀྱིས་སོ་སོར་འགོ་འཛིན་བྱས་ནས་དམངས་གཙོའི་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། གཞི་རིམ་ལས་བྱེད་མང་ཚོགས། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལས་རིགས་ཀྱི་མི་སྣ། བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་མི་སྣ་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། 《སྲིད་གཞུང་བྱ་བའི་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཡིག)》དང་སྲིད་གཞུང་བྱ་བའི་ཐད་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།