ཞི་ཅིན་ཕིང་གིས་ཨིར་ལན་གྱི་ཙུང་ལི་མ་ཏིང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ཟླ1པོའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཨིར་ལན་གྱི་ཙུང་ལི་མ་ཏིང་ལ་མཇལ་འཕྲད་གནང་།

ཟླ1པོའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཨིར་ལན་གྱི་ཙུང་ལི་མ་ཏིང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨིར་ལན་རྒྱལ་ཁབ་གཉིས་ནི་ཞི་བདེ་དང་སྒོ་འབྱེད་བཟོད་སྒོམ། རང་ཚུགས་ཡར་བརྩོན་ལ་དགའ་ཞིང་།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་འཐབ་རྩོད་བརྒྱུད་དེ་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་ལ་རྒྱལ་ཁ་བླངས་པ་དང་།  མི་རབས་འགའི་རྒྱུན་ཆད་མེད་པའི་འབད་འཐབ་ལ་བརྟེན་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པ་རེད། 2012ལོར་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ།  ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་འབོར་ལྡབ་གཉིས་འཕར་བ་དང་། ཕན་ཚུན་བར་གྱི་དངུལ་གཏོང་དོ་མཉམ་ངང་འཕེལ་རྒྱས་བྱུང་ཞིང་།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་གཞོགས་འདེགས་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱས།  ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ནི་ཀྲུང་གོ་དང་ཨིར་ལན་གྱི་འབྲེལ་བ་ཡུན་རིང་བརྟན་རླིང་ངང་འཕེལ་རྒྱས་འགྲོ་བའི་ཉམས་མྱོང་རྩ་ཆེན་ཡིན་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་སྒུལ་ཤུགས་སྣོན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་དང་ཨིར་ལན་ཕྱོགས་གཉིས་ཀྱིས་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོའི་མཛའ་མཐུན་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་།  འབྲེལ་འདྲིས་དང་རྒྱུས་ལོན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ།  ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་འཇོག་བྱེད་པ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ད་ལོ་ནི་ཀྲུང་གོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་ལ། མ་འོངས་པའི་ལོ་ལྔའི་རིང་ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ངེས།  ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་བསྣན་ནས་མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར། སྨན་རྫས་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་ཕྱོགས་གཉིས་ཀྱི་དངུལ་གཏོང་ལ་སྐུལ་འདེད་གཏོང་བ། ཕན་ཚུན་བར་དགེ་མཚན་གསབ་རེས་མངོན་འགྱུར་བཅས་བྱས་ནས་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་རིག་གནས། ཡུལ་སྐོར་བཅས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། དམངས་སེམས་གཅིག་མཐུན་ཡོང་བར་ཡར་སྐུལ་བྱེད་པ་དང་།  ཨིར་ལན་གྱི་ན་གཞོན་སྔར་ལས་མང་པོ་ཀྲུང་གོར་སློབ་སྦྱོང་དང་བརྗེ་རེས་བྱེད་དུ་ཡོང་བར་དགའ་བསུ་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་རྙོག་འཛིང་ཆེ་ཞིང་། ཁེར་རྐྱང་བཙན་གནོན་བྱ་སྤྱོད་ཀྱིས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་རྡུང་རྡེག་ཚབས་ཆེན་གཏོང་བཞིན་ཡོད། རྒྱལ་ཁབ་སོ་སོས་རྒྱལ་ཁབ་གཞན་གྱི་མི་དམངས་ཀྱིས་རང་བདག་གིས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བརྩི་འཇོག་དང་།  རྒྱལ་སྤྱིའི་བཅའ་ཁྲིམས་དང་དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་བྱ་འོས་ལ། རྒྱལ་ཁབ་ཆེན་པོས་དེ་བས་སྣེ་ཁྲིད་བྱ་འོས། ཀྲུང་གོ་དང་ཨིར་ལན་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་མཉམ་དུ་སྲུང་སྐྱོང་བྱས་ནས། འཛམ་གླིང་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་ཡུན་རིང་ལ་དམིགས་ནས་གྲོགས་པོའི་འབྲེལ་བའི་གཏན་གནས་རྒྱུན་འཁྱོངས་བྱེད་པ་དང་།  དོན་དངོས་དང་མཐུན་པའི་སྒོ་ནས་འགལ་བ་ཐག་བཅད་དེ་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་དགོས། ཨིར་ལན་གྱིས་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་རླིང་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།

ཟླ1པོའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཨིར་ལན་གྱི་ཙུང་ལི་མ་ཏིང་ལ་མཇལ་འཕྲད་གནང་།

མ་ཏིང་གིས་བསྟན་དོན།  ཨིར་ལན་དང་ཀྲུང་གོའི་བར་ཡུན་རིང་གི་མཛའ་བརྩེ་ཟབ་མོ་ལྡན་ལ།  རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་བ་དང་མི་གཞུང་རིག་གནས་བརྗེ་རེས་ཉིན་རེ་བཞིན་ཇེ་ཟབ་ཏུ་གྱུར། 2012ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདེ་བླག་ངང་ཨིར་ལན་ལ་འཚམས་འདྲི་གནང་སྟེ། ཉེ་བའི་ལོ་ཤས་རིང་གི་ཀྲུང་གོ་དང་ཨིར་ལན་གྱི་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བར་རྨང་གཞི་བརྟན་པོ་བཏིངས།  ཀྲུང་གོས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་འཐབ་ཇུས་བཟོས་པ་མ་ཟད་ལག་བསྟར་བྱས་ནས་གྲུབ་འབྲས་གལ་ཆེན་བླངས་པར་ཀུན་གྱིས་ཡིད་སྨོན་བྱེད་འོས། ཨིར་ལན་གྱིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་དང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་དང་འཕེལ་རྒྱས་གཏོང་བར་ཤུགས་འདོན་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། སྐྱེ་དངོས་སྨན་རྫས། སླར་སྐྱེ་ནུས་ཁུངས།  མི་ཐབས་རིག་ནུས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད།  ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་མེད་དུ་མི་རུང་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་དང་། འཛམ་གླིང་གི་ཞི་བདེར་ཡར་སྐུལ་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། རྒྱལ་སྤྱིའི་རྩོད་གཞི་གང་ཞིག་ཐག་གཅོད་དགོས་ཀྱང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས །ཨིར་ལན་གྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་མཐུན་སྦྱོར་སྲུང་འཛིན་བྱས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་སྲུང་སྐྱོང་དང་། རང་མོས་སྒོ་འབྱེད་ཉོ་ཚོང་རྒྱུན་འཁྱོངས་བྱས་ནས།  འཛམ་གླིང་གི་དར་རྒྱས་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་བརྟན་བརླིང་འཕེལ་རྒྱས་སྲུང་འཛིན་བྱེད་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་དང་། ཨིར་ལན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་སྐྱོན་བྲལ་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།